ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པ་དང་སྐབས་ཉེར་དགུ་བ་ལའོ་ཝའོ་རྒྱལ་ཁབ་ཀྱི་ཝན་ཞང་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དུས་མཉམ་དུ་སྤེལ་བའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པ་དང་སྐབས་ཉེར་དགུ་བ་དེ་ཚེས་དྲུག་ཉིན་ལའོ་ཝའོ་རྒྱལ་ཁབ་ཀྱི་རྒྱལ་ས་ཝན་ཞང་ནས་ཚོགས་མགོ་བརྩམས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལའོ་ཝའོ་ཡི་མགོ་ཁྲིད་པས་མུ་མཐུད་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་ཏེ། ས་ཁོངས་དང་ཕྱི་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་འགྲན་རྩོད་གསར་བར་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།

ལའོ་ཝའོ་རྒྱལ་ཁབ་ཀྱི་ཙུང་ལི་ཐུང་ལོན་གྱིས་དགའ་བསུའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བཙུགས་པའི་ཚུན་ལ། ཆེས་གལ་ཆེ་བའི་དམིགས་འབེན་ནི་ས་ཁུལ་རང་དང་ཐ་ན་འཛམ་གླིང་ཁྱབ་ཁོངས་ཀྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་དང་མཉམ་ལས་བཅས་ལ་སྲུང་སྐྱོབ་དང་ཡར་སྐུལ་བྱེད་པར་བརྩོན་པ་དེ་ཡིན། དེ་བས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ནམ་རྒྱུན་ནང་ཁུལ་གྱི་མཉམ་ལས་དང་ཕྱི་ཕྱོགས་ཀྱི་འགྲོ་འོང་ལ་ཤུགས་སྣོན་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། དུས་རབས་ཕྱེད་ཙམ་གྱི་རིང་ལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འགྲན་རྩོད་རབ་དང་རིམ་པ་ཐག་གཅོད་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་དེ་ཞི་བདེ་དང་བརྟན་འཇགས་ཀྱི་ས་ཁུལ་ཞིག་ཏུ་འཛུགས་སྐྲུུུན་བྱས་ཡོད་པ་དང་། ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཐད་ཆ་རྐྱེན་བཟང་བོ་སྐྲུན་ཡོད་ཟེར།

ཁོས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་ཉིས་སྟོང་ཉེར་ལྔ་ལོའི་རེ་འདུན་དང་། ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར། སྤྱི་ཚོགས་རིག་གནས་བཅས་ཐུན་མོང་ཚོགས་པའི་ཇུས་ཆེན་གསུམ་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཡར་སྐུལ་བྱེད་དགོས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ལའོ་ཝའོ་ཡི་ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་གསོན་ཤུགས་ལྡན་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་རེ་འདུན་མངོན་འགྱུར་བྱེད་རྒྱུ་དེ་ཡིན། ཕན་ཚུན་མཉམ་འབྲེལ་དང་ཉོ་ཚོང་ཡར་སྐུལ། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས། རིག་གནས་ཤུལ་བཞག་མཉམ་ལས། གནོད་འགོག་རྒུད་སྐྱོབ། རྒྱུན་མཐུད་འཕེལ་རྒྱས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཐོག་མའི་ཁྱབ་ཁོངས་སུ་གཏན་འཁེལ་བྱས་ཡོད་ཟེར།

ལའོ་ཝའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་གིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ས་ཁོངས་དང་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་རྙོག་འཛིང་ཆེ་བའི་འགྱུར་ལྡོག་དང་འགྲན་རྩོད་བྱུང་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་སྔར་བཞིན་དལ་ལ་ཉམས་ཞན་ཡིན། དེ་བས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གྲོགས་པོའི་བར་གྱི་གྲོས་མོལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དུས་ལྟར་འགྲན་རྩོད་དེ་དག་ཐག་གཅོད་བྱེད་དགོས་ཟེར།

ཉིན་རིམ་ལྟར་ན། ཚེས་དྲུག་ཉིན་བསྡུས་པའི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པ་ནས་གཙོ་བོ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པར་གྲོས་བསྡུར་བྱས་པ་དང་། ཚེས་བདུན་ཉིན་སྤེལ་རྒྱུ་ཡིན་པའི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་དགུ་བ་ནས་གཙོ་བོ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཕྱི་ཕྱོགས་བར་གྱི་འབྲེལ་བ་དང་འཕེལ་རྒྱས་ཁ་ཕྱོགས་ལ་གྲོས་བསྡུར་བྱེད་རྒྱུ་མ་ཟད། ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།