ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཚེས་བཞིའི་ཉིན་ཁ་པར་གྲོས་མོལ་བྱས་པ་དང་། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཝུའུ་ཁི་ལན་དང་ཨུ་རུ་སིའི་བར་མཉམ་ལས་བྱས་ཏེ། ཧུར་ཐག་སྒོས་ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱེད་རྒྱུའི་ཚུལ་བསྟན།

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཚེས་བཞིའི་ཉིན་གྱི་ཁ་པར་གྲོས་མོལ་ནི་ཐི་ལིང་ཕུའུ་ཡིས་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཐོག་དང་པོར་ཝུའུ་ཁི་ལན་ཕྱོགས་དང་ཐད་ཀར་གྲོས་མོལ་བྱས་པ་རེད།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱེད་སྐབས་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་པ་དང་། དེའི་ནང་ཝུའུ་ཁི་ལན་དང་ཨུ་རུ་སིའི་འཁྲུག་རྩོད་སོགས་འདུས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་དང་ཨུ་རུ་སི། དེ་མིན་ཕྱོགས་གཞན་པའི་བར་མཉམ་ལས་བྱས་ཏེ། ཧུར་ཐག་སྒོས་ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱེད་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ཉེ་ལམ་ཐུག་འཕྲད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

པའོ་ལོ་ཧྲིན་ཁིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཝུའུ་ཁི་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་འཁྲུག་རྩོད་གནས་ཚུལ་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཏོན་པཱ་སི་ས་ཁུལ་གྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་བྱེད་པར་རེ་ཡོད། པའོ་ལོ་ཧྲིན་ཁི་ཡིས་ད་རུང་ཁ་པར་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་སྲིད་གཞུང་གསར་བའི་རིམ་པ་སོ་སོའི་བར་གྱི་གྲོས་མོལ་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ཅིང་། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་དང་དམངས་ཁྲོད་དྲག་ཆས་པས་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་ནས་བཟུང་ཤར་ཕྱོགས་ས་ཁུལ་ནས་དྲག་ཆས་འཁྲུག་རྩོད་བྱས་པ་དང་། དེ་ལས་ཏོན་ནེ་ཚི་ཁི་ཀྲིག་ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁཱ་ས་ཁུལ་གྱི་ཆུ་གློག་དང་དྲོད་རླངས་མཁོ་འདོན་མཚམས་བཞག་པར་མ་ཟད། མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་བྱང་ཆིངས་རྩ་འཛུགས་ཀྱིས་སྔ་གཞུག་ཏུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་སོ་སོས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར་བཀོད་པའི་མེན་སི་ཁིའི་གྲོས་མཐུན་གསར་བ་ལག་བསྟར་གང་ལེགས་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། ནུབ་ཕྱོགས་རྒྱལ་ཁབ་རེ་འགས་ཁི་ལི་མུས་ཡཱའི་གནད་དོན་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་ནས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་སྤྱད། ན་ནིང་ལོ་མཇུག་ལ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡང་བསྐྱར་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་རྒྱ་བསྐྱེད་དང་ཡུན་བསྲིང་རྒྱུ་ཁྱབ་སྒྲོག་བྱས།

ཐི་ལིང་ཕུའུ་ཡིས་ཙུང་ཐུང་ལ་འགྲན་རྩོད་བྱེད་པའི་སྐབས་སུ་ཐེངས་མང་བོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་དགའ་བའི་རྣམ་འགྱུར་གང་མང་བསྟན་པ་དང་། ཕྱི་ཕྱོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན་ཁོས་ཙུང་ཐུང་གི་འགན་ཁུར་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་སྲིད་པར་འདོད། ཐི་ལིང་ཕུའུ་ཡིས་ཟླ་སྔོན་མའི་ཚེས་ཉེར་བརྒྱད་ཉིན་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། མཉམ་ལས་ལ་ཤུགས་སྣོན་བྱས་ནས་འབྲེལ་བ་བཟང་བོ་སླར་གསོ་བྱེད་པར་འཐད་པ་བྱུང་།

ཟླ་འདིའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་སྔོན་ཆད་ཀྱི་ཙུང་ཐུང་ཨོ་པཱ་མཱ་སྲིད་གཞུང་གིས་ཨུ་རུ་སི་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་བཟོ་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཏང་ཁག་གཉིས་ཀྱི་གྲོས་མིས་དེའི་རྗེས་སུ་ཐི་ལིང་ཕུའུ་སྲིད་གཞུང་གི་བྱ་སྤྱོད་གསར་བ་དེ་ནི་ཨུ་རུ་སིའི་ཁམས་དང་བསྟུན་ནས་གནོན་ཤུགས་ཇེ་ཡང་དུ་གཏོང་བཞིན་ཡོད་པར་བསམ་ཡོད། བཤད་ཚུལ་དེ་ཕོ་བྲང་དཀར་པོས་ཁས་ལེན་མ་བྱས།

ཚེས་བཞིའི་ཉིན་ཐི་ལིང་ཕུའུ་ཡིས་གསར་འགྱུར་འཕྲིན་ལམ་ལེ་ཚན་ལས་ཁོས་ཕུའུ་ཅིན་ལ་བརྩི་འཇོག་བྱེད་པ་དེས་ཁོའི་ཕྱི་འབྲེལ་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་མི་སྲིད་པ་ནན་བཤད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།