ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་དཔོན་ཕྱོགས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་ཚོགས་དུས་ལྟར་པའོ་ཧི་གླིང་ཕྲན་ནས་སྤེལ་རྒྱུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཉེ་སྔོན་འཁྲུག་རྩོད་དོན་རྐྱེན་བྱུང་ཡང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་ཚོང་གྲོས་ཚོགས་དེ་གཟའ་འཁོར་འདིའི་ནང་དུས་ལྟར་ཧྥེ་ལེ་པེན་དབུས་ཕྱོགས་ཀྱི་པའོ་ཧི་གླིང་ཕྲན་ནས་སྤེལ་རྒྱུ་ཡིན་ཟེར།

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་པའོ་ཧི་གླིང་ཕྲན་ཡུན་ནཱ་པང་ཀན་གྲོང་རྡལ་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱས་ཏེ། བསྡོམས་པས་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། ཨ་པུའུ་ཧྲ་ཡེ་ཧྥུའུ་ཡི་དྲག་ཆས་ཉེས་ཅན་དྲུག་བསད། སྲིད་གཞུང་དམག་དཔུང་གི་དམག་མི་གསུམ་དང་ཉེན་རྟོག་པ་གཅིག་ཚེ་ལས་འདས། དེ་ནི་དུས་ཡུན་རིང་བོར་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་སྦས་སྐོང་བྱེད་པའི་ཨ་པུའུ་ཧྲ་ཡེ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉེ་བའི་ལོ་འགའི་རིང་ཐོག་དང་པོར་གནས་སྐོར་ས་ཁུལ་གཙོ་བོ་ནས་འགུལ་སྐྱོད་སྤེལ་བ་ཡིན་པས་ཕྱི་ཕྱོགས་ཀྱིས་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པའོ་ལེ་ཝ་ཨར་གྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་ཡིས་པའོ་ཧི་གླིང་ཕྲན་ནས་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་ཉོ་ཚོང་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྤེལ་རྒྱུ་ཡིན་པ་དང་། འཐུས་ཚབ་ཚོགས་པ་སོ་སོ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པར་ཁས་ལེན་བྱས་ཡོད་ཟེར།

པའོ་ལེ་ཝ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་ཧྥེ་ལེ་པེན་ཉོ་ཚོང་བཟོ་ལས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། གྲོས་ཚོགས་ལ་ཞུགས་པའི་འཐུས་ཚབ་ཚོགས་པ་སོ་སོའི་མི་ཉིས་བརྒྱ་ལྷག་གི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། བདེ་སྲུང་བྱེད་ཐབས་སྣ་ཚོགས་མིག་སྔར་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཧྥེ་ལེ་པེན་གྱི་དབང་འཛིན་ལས་ཁུངས་ཀྱིས་གྲོས་ཚོགས་དེ་བདེ་འཇགས་ངང་སྤེལ་བར་འགན་སྲུང་བྱེད་པར་བརྩོན་བཞིན་ཡོད་ཟེར།

ཧྥེ་ལེ་པེན་གྱི་ནང་སྲིད་པུའུ་ཀྲང་ཚབ་མ་ཁུའུ་དབྱེ་ཧྲིན་གྱིས་བཤད་རྒྱུར། འཁྲུག་རྩོད་དོན་རྐྱེན་བྱུང་ཡང་པའོ་ཧི་གླིང་ཕྲན་ནི་ད་ལྟ་སྔར་བཞིན་ཧྥེ་ལེ་པེན་གྱི་ཆེས་བདེ་འཇགས་ཀྱི་གནས་ཤིག་ཡིན་ཟེར། ཁོས་བསྟན་དོན། ཧྥེ་ལེ་པེན་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་གནས་བབ་ལ་ཚོད་འཛིན་བྱེད་བཞིན་ཡོད། ང་ཚོས་གྲོས་ཚོགས་ལ་ཞུགས་པའི་འཐུས་ཚབ་ཚོགས་པ་སོ་སོའི་ཁོངས་མི་དང་གནས་སྐོར་བ། སྡོད་དམངས་ཀྱི་བདེ་འཇགས་ལ་འབད་བརྩོན་ཆེན་པོས་ཁག་ཐེག་བྱེད་འདོད་ཡོད་ཟེར།

པའོ་ཧི་ཞིང་ཆེན་གྱི་ཧྲིན་ཀྲང་ཁྲ་ཐའོ་ཡིས་དེའི་སྔོན་འཁྲུག་རྩོད་བྱེད་སའི་ཡུན་ནཱ་པང་ཀན་གྲོང་རྡལ་དང་ཉེ་འཁོར་ས་ཁུལ་གནས་བབ་རྒྱུན་ལྡན་དུ་གྱུར་ཡོད་པར་བཤད་པ་དང་། འཁྲུག་རྩོད་དོན་རྐྱེན་དེས་པའོ་ཧི་ཞིང་ཆེན་གྱི་ས་ཁུལ་གཞན་པར་ཤུགས་རྐྱེན་ཐེབས་མེད་པ་ནན་བཤད་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་མིག་སྔར་པའོ་ཧི་གླིང་ཕྲན་ནས་བྲོས་བྱོལ་བྱེད་བཞིན་པའི་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དགུ་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།