ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དགྲར་འཛིན་སྲིད་ཇུས་མི་བསྐྱུར་ན་ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་སླར་གསོ་བྱེད་འདོད་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་དགྲར་འཛིན་སྲིད་ཇུས་བསྐྱུར་འདོད་མེད་པས། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་སྤྲོ་བ་ཅི་ཡང་མེད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དཔྱད་བརྗོད་ཅིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁས་ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་གྲོས་མོལ་ལ་ཕམ་ཉེས་བྱུང་བར་འགན་ཁུར་དགོས་པའི་སྐྱོན་འཛུགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཁྲའོ་ཞན་ལ་དཔལ་འབྱོར་བཀག་སྡོམ་དང་དམག་དོན་དྲག་གནོན་བྱེད་པའི་སྲིད་ཇུས་ལ་དག་འབུད་བྱེད་པའི་ཆེད་རེད་ཟེར།

དཔྱད་བརྗོད་ལས་བཤད་རྒྱུར། ཨ་མེ་རི་ཁས་ཁྲའོ་ཞན་གྱི་བར་གྲོས་མོལ་ལ་རེ་བ་ཅི་ཡང་བཅངས་མེད་པ་དང་། ཁྲའོ་ཞན་ལ་དམག་དོན་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱས་ཡོད་པ་དང་། ཁྲའོ་ཞན་གྱི་འཕེལ་རྒྱས་ནུས་པ་བཀག་འགོག་བྱས་ནས། ཁྲའོ་ཞན་ལ་རྒྱུན་ཆད་མེད་པར་དམག་དོན་གནོན་ཤུགས་སྟེར་བ་དང་དཔལ་འབྱོར་བཀག་སྡོམ་བྱེད་རྩིས་ཡོད་པར་མ་ཟད། ཧན་གོ་རུ་འཐབ་ཇུས་རང་བཞིན་གྱི་ཉིང་རྡུལ་ནུས་པའི་མཚོན་ཆ་བཀོད་སྒྲིག་བྱས་ཡོད། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དགྲར་འཛིན་སྲིད་ཇུས་མི་བསྐྱུར་ན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་སྤྲོ་བ་ཅི་ཡང་མེད་ཟེར།

གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཅུ་བར། ཁྲའོ་ཞན་དང་ཨ་མེ་རི་ཁས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པ་དང་། གྲོས་མཐུན་ལྟར་ན། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་འཆར་གཞི་བསྐྱུར་བ་དང་། ཨ་མེ་རི་ཁས་ཁྲའོ་ཞན་ལ་ཉིང་རྡུལ་ནུས་པའི་མ་ལག་གཅིག་ནས་གཉིས་ལས་རྒྱུ་དང་། མ་ལག་དེ་མ་གྲུབ་གོང་ཨ་མེ་རི་ཁས་ཁྲའོ་ཞན་ལ་འབར་སྣུམ་འདོན་སྤྲོད་བྱེད་དགོས་པ་རེད། ཉིས་སྟོང་གཉིས་ལོར། ཨ་མེ་རི་ཁས་ཁྲའོ་ཞན་ཉིང་རྡུལ་ནུས་པའི་ཆམ་ཕབ་གཏོང་སའི་དམིགས་ཡུལ་དུ་བྱས་པ་དང་། འབར་སྣུམ་འདོན་སྤྲོད་བྱེད་མཚམས་བཞག་པས། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་འཆར་གཞི་སླར་གསོ་བྱེད་རྒྱུ་དང་། ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས།

ཁྲའོ་ཞན་གྱིས་ནམ་རྒྱུན་ཨ་མེ་རི་ཁ་དང་ཐད་ཀར་གྲོས་མོལ་བྱེད་པའི་རེ་བ་བཏོན་པ་དང་། ཨ་མེ་རི་ཁའི་བར་ཕན་ཚུན་ལ་གནོད་མི་སྐྱེལ་བའི་ཆིངས་ཡིག་འགོད་པའི་གྲོས་གཞི་བཏོན་ཡང་། ཨ་མེ་རི་ཁས་ཁྲའོ་ཞན་གྱིས་སྔོན་ལ་ཉིང་རྡུལ་ནུས་པའི་འཆར་གཞི་བསྐྱུར་ན་ད་གཟོད་གྲོས་མོལ་བྱས་ཆོག་པའི་རེ་བ་བཏོན་པ་དང་། ཕྱོགས་མང་བོའི་གྲོས་མོལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པ་རེད། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཞི་བའི་ཐབས་ལ་བརྟེན་ནས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་འཆར་གཞི་བསྐྱུར་བར་ཡར་སྐུལ་བྱེད་བཞིན་ཡོད་པ་དང་། ཞོར་དུ་བྱེད་ཐབས་གཞན་པར་ཡང་བསམ་བློ་གཏོང་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།