ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཡུན་ཟླ་དྲུག་གིས་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་ཅིག་གི་ནང་བསྒྲགས་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མེན་སི་ཁོའི་གྲོས་ཆོད་ལག་བསྟར་བྱས་པའི་གནས་ཚུལ་དེ་འདྲ་བཟང་རྒྱུ་མེད་པར་འདོད་པས། ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཡུན་དེ་ཡང་བསྐྱར་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་དུ་ཇེ་རིང་ལ་བཏང་བ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་པའི་ཁྱབ་ཁོངས་གཙོ་བོ་ནི་དངུལ་རྩ་དང་ནུས་ཁུངས། འགོག་སྲུང་དང་དམག་དམངས་ཉིས་སྤྱོད་ཀྱི་ཐོན་རྫས་སོགས་རེད། དེའི་ནང་དུ་ཨུ་རུ་སིའི་ནུས་ཁུངས་ཁེ་ལས་གསུམ་དང་འགོག་སྲུང་ལས་དོན་གྱི་ཁེ་ལས་གསུམ། རྒྱལ་དབང་དངུལ་རྩའི་ལས་ཁུངས་ལྔ་དང་དེའི་ཡན་ལག་སྤྱི་གཉེར་ཁང་གཙོ་བོ་བཅས་ཡོ་རོབ་གླིང་གི་རིམ་པ་དང་པོ་དང་གཉིས་པའི་ཁྲོམ་རར་ཞུགས་པར་ཚོད་འཛིན་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བར་དུ་མཚོན་ཆ་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་སྤེལ་མི་ཆོག་པ། ཨུ་རུ་སི་ཡིས་རྡོ་སྣུམ་རྩད་ཞིབ་དང་ཐོན་སྐྱེད་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་དང་ཡང་ན་ཞབས་ཞུ་ཁོང་དུ་ཆུད་པར་ཚོད་འཛིན་བྱེད་པ། ཨུ་རུ་སི་ལ་དམག་དོན་གྱི་ཐད་དུ་བཀོལ་ཆོག་པའི་དམག་དམངས་ཉིས་སྤྱོད་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་མི་ཆོག་པ་སོགས་འདུ།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ནས་བདེ་འཇགས་གནས་བབ་ལ་གཏོར་བརླག་བྱས་པ་རྒྱུ་མཚནདུ་བྱས་ནས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱས།དེའི་རྗེས་སུ་ལོ་དེའི་ཟླ་དགུ་པར་དཔལ་འབྱོར་བཀག་སྡོམ་གྱི་ནང་དོན་ཇེ་མང་དུ་བཏང་བ་མ་ཟད། ཐེངས་མང་པོར་བཀག་སྡོམ་བྱེད་ཡུན་ཇེ་རིང་ལ་བཏང་། ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་ཕྱིར་བཀག་སྡོམ་བྱེད་པའི་བྱེད་ཐབས་སྤྱད་པ་དང་།དེའི་ནང་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་ཐོན་རྫས་ནང་འདྲེན་ལ་ཚོད་འཛིན་བྱེད་པ་སོགས་འདུ།

ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་།ཡ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཡུན་དེ་མེན་སི་ཁོའི་གྲོས་ཆོད་ལག་བསྟར་བྱེད་པའི་གནས་ཚུལ་དང་ཟུང་སྦྲེལ་བྱས། མེན་སི་ཁོའི་གྲོས་ཆོད་ནི་འཇར་མན་དང་ཨུ་རུ་སི། ཧྥ་རན་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིས་བཀོད་པ་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ནས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དེ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།