ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་དབྱི་སི་རལ་གྱིས་བར་ཆད་སེལ་ནས་ཡེ་ལུའུ་ས་ལུན་མཁར་རྙིང་གི་གནས་བབ་བརྟན་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་ཕེ་ཐི་ལ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཚེས་ཉེར་བཞི་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ཁ་པར་བཏང་ནས། དབྱི་སི་རལ་གྱིས་མྱུར་དུ་བྱེད་ཐབས་སྤྱད་དེ་ཡེ་ལུའུ་ས་ལུན་མཁར་རྙིང་གི་མུའུ་སི་ལིན་གྱི་གནས་མཆོག་གི་གནས་བབ་བརྟན་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ནན་གྱིས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་མི་ཡོད་ཚད་ཀྱིས་བཟོས་པའི་བར་ཆད་སེལ་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་དང་བཅས་པའི་གནས་མཆོག་གི་གནས་བབ་བརྟན་འཇགས་སུ་སོང་ནས། དེང་སྐབས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཞི་འཇུག་སུ་གཏོང་ཐུབ་ཟེར།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་བཤད་རྒྱུར། ཅོར་ཏན་དང་དབྱི་སི་རལ་ཕྱོགས་གཉིས་བར་དུ་གནས་བབ་ཛ་དྲག་ཏུ་འགྱུར་བར་བཀག་འགོག་བྱེད་པའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་བ་དང་། ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་ལོ་རྒྱུས་ཀྱི་གོ་གནས་དང་ད་ལྟའི་གནས་བབ་ལ་བརྩི་བཀུར་བྱེད་པ་ཡིན་ཟེར།

ཟླ་འདིའི་ཚེས་བཅུ་བཞི་ཉིན། དབྱི་སི་རལ་གྱི་ཉེན་རྟོག་པ་གསུམ་ལ་ཡེ་ལུའུ་ས་ལུན་གྱི་གནས་རིའི་འདབས་རོལ་ནས་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་དབྱི་སི་རལ་གྱིས་དོན་རྐྱེན་བྱུང་ས་དེ་བཀག་སྡོམ་བྱས་ཏེ། མུའུ་སི་ལིན་གྱི་དད་ལྡན་པ་མཇལ་ཕྱག་བྱེད་པར་འགྲོ་རུ་མ་བཅུག ཚེས་བཅུ་དྲུག་ཉིན་ཉེན་རྟོག་ཕྱོགས་ཀྱིས་རིམ་བཞིན་གནས་རིའི་སྟེང་གི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་ཕྱེས་འགོ་བརྩམས་མོད། ཡིན་ནའང་སྒོ་ཁ་རུ་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་དང་བརྙན་མིག་བཞག མུའུ་སི་ལིན་གྱི་མང་ཚོགས་རྣམས་དེར་བྱེད་ཐབས་དེར་མ་དགའ་བར་བསྟུད་མར་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། ངོ་རྒོལ་བྱ་འགུལ་ཁ་ཤས་ཁྲོད་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལ་རྨས་ཕོག

ཡེ་ལུའུ་ས་ལུན་མཁར་རྙིང་དུ་ཡོད་པའི་གནས་རི་ལ་མུའུ་སི་ལིན་གྱི་དད་ལྡན་པས་དེ་ལ་དད་པའི་གཉན་ས་ཞེས་འབོད། དེ་ནི་ཡ་ཧུ་དའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་གཉི་གའི་གནས་མཆོག་ཡིན་ལ། ཡུན་རིང་བོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གཞི་ཆེན་པོར་གྱུར་ཡོད། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་སྐབས་སུ་ཡེ་ལུའུ་ས་ལུན་མཁར་རྙིང་ཡོངས་དབང་དུ་བསྡུས་མོད། ཡིན་ནའང་དབྱི་སི་རལ་དང་ཅོར་ཏན་བར་དུ་བཀོད་པའི་གྲོས་ཆོད་ལྟར་ན། གནས་རིའི་དོ་དམ་གྱི་དབང་ཆ་ཅོར་ཏན་ལ་དབང་བ་དང་། བདེ་སྲུང་གི་དབང་ཆ་དབྱི་སི་རལ་ལ་དབང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།