ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་སི་རི་ཡར་འཕུར་མདའ་འཕངས་ནས་མི་གསུམ་རྨས་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡར་འཕུར་མདའ་འཕངས་ཏེ་མཚོན་ཆའི་མཛོད་ཁང་ཞིག་བརླགས་པ་དང་། དམག་མི་གསུམ་རྨས་ཟེར།

སི་རི་ཡའི་དམག་ཕྱོགས་ཀྱི་མི་སྣས་བཤད་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ལེ་པ་ནུན་གྱི་བར་སྣང་ནས་སི་རི་ཡ་ལ་བསྟུད་མར་འཕུར་མདའ་འཕངས་པ་དང་། སི་རི་ཡའི་མཁའ་ཟོན་མ་ལག་གིས་རྒྱལ་ས་ཏ་མ་སི་ཁོའི་ནུབ་ཕྱོགས་ས་ཁུལ་གྱི་བར་སྣང་ནས་འཕུར་མདའ་མང་ཆེ་ཤོས་བཀག་པ་དང་ཡང་ན་ཐང་ལ་འཕངས། འཇབ་རྒོལ་ཁྲོད་ནས་སི་རི་ཡའི་མངའ་ཁོངས་ཀྱི་མཚོན་ཆའི་མཛོད་ཁང་ཞིག་ལ་གཏོར་བརླགས་ཐེབས་ཏེ། དམག་མི་གསུམ་ལ་རྨས་ཕོག་ཟེར།

ཉིན་དེའི་དགོང་མོར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཏ་མ་སི་ཁོ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གོ་བ་དང་། གྲོང་ཁྱེར་དེའི་ནུབ་ཕྱོགས་ས་ཁུལ་ནས་མཁའ་ཟོན་འཕུར་མདའ་མང་པོ་གཅིག་རྗེས་གཉིས་མཐུད་དུ་བར་སྣང་ལ་འཕངས་པ་དང་། གནས་ཚུལ་དེ་དུས་ཚོད་གཅིག་ཙམ་ལ་ཡུན་བསྲིངས་ཟེར།

སྤྱི་ཁྱབ་ལས་ཁུངས་དབྱིན་ཇིའི་ལོན་ཏོན་ན་ཡོད་པའི་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཏ་མ་སི་ཁོའི་ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་ཞིང་སྡེའི་ས་ཁུལ་ལ་འཕུར་མདའ་འཕངས་པ་དང་། དེའི་དམིགས་འབེན་ནི་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་མཚོན་ཆའི་མཛོད་ཁང་རེད་ཟེར།

དབྱི་སི་རལ་གྱིས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་དེ་བདེ་འཇགས་ཀྱི་འཇིགས་སྣང་ཆེན་པོ་ཞིག་ཏུ་བརྩིས་ཡོད་པར་མ་ཟད། དབྱི་ལང་གིས་སི་རི་ཡའི་སྐམ་སའི་བར་ཁྱམས་བརྒྱུད་དེ་ལེ་པ་ནུན་ཀྲིན་ཀྲུའུ་ཏང་ལ་མཚོན་ཆ་སྐྱེལ་བཞིན་ཡོད་པར་སྐྱོན་བརྗོད་བྱས། དབྱི་སི་རལ་གྱིས་རྩ་འཛུགས་དེར་འཇབ་རྒོལ་བྱེད་པ་རྒྱུ་མཚན་དུ་བྱས་ནས། སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་མྱོང་།

སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་འཕྲིན་ཡིག་བསྐུར་ནས། དབྱི་སི་རལ་གྱིས་སྔོན་ཉིན་མོར་ཏ་མ་སི་ཁོའི་ལྷོ་རྒྱུད་ཀྱི་ཅི་སི་ཝེ་ས་ཁུལ་ལ་འཇབ་རྒོལ་བྱས་པར་སྐྱོན་བརྗོད་བྱས་པ་དང་། དབྱི་སི་རལ་གྱིས་ཡང་དང་བསྐྱར་དུ་སི་རི་ཡར་འཇབ་རྒོལ་བྱས་པ་དེས་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་ཏེ་སི་རི་ཡའི་ཉེན་ཚབས་ཀྱི་དུས་ཚོད་ཇེ་རིང་ལ་གཏོང་འདོད་པ་མཚོན་ཡོད་ཅེས་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།