ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་བཞུགས་ཤག་གིས་ཅིན་ཀྲིན་ཨིན་གྱིས་ཝུན་ཙའེ་དབྱིན་ལ་འཕྲིན་ཡིག་ཕྱག་བསྟར་མ་བསྐུར་བར་བཤད།

    སྤེལ་དུས། : 2018-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐའེ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་ལ་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་ཕྱག་བསྟར་མ་འབྱོར་ལ། འཕྲིན་ཡིག་ནང་དུ་ཅིན་ཀྲིན་ཨིན་གྱིས་ཉིས་སྟོང་བཅུ་དགུ་ལོར་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཐུག་འཕྲད་མང་པོ་བྱས་ཏེ། ཕྱེད་གླིང་གི་ཞི་བདེ་དར་རྒྱས་བྱ་གཞག་དང་། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་གནད་དོན་ཐག་གཅོད་པར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་འདུག་ཟེར།

ཆིན་ཝ་ཐའེ་ཡི་མགྲིན་ཚབ་པ་ཅིན་དབྱི་ཆན་གྱིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ཕྱག་བསྟར་མའི་ནང་དུ་ཝུན་ཙའེ་དབྱིན་ལ་འཚམས་འདྲི་བྱས་ཡོད་པར་མ་ཟད། སང་ལོར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་དར་རྒྱས་ཐད་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ནང་ནན་གྱིས་བསྟན་དོན། ད་ལོར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཐེངས་གསུམ་ལ་ཐུག་འཕྲད་བྱས་ཏེ། ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་བར་ཡུན་རིང་གནས་པའི་འགལ་བ་སེལ་བར་དོན་དངོས་རང་བཞིན་གྱི་བྱེད་ཐབས་སྤྱད་ནས། མི་རིགས་ཧྲིལ་པོ་དམག་དོན་གདོང་གཏུག་དང་འཐབ་འཁྲུག་འཇིགས་སྣང་ཁྲོད་ནས་ཐར་བར་བྱས་ཟེར།

ཅིན་ཀྲིན་ཨིན་གྱིས་བསྟན་དོན། དེ་སྔོན་གྱི་གཏན་ཁེལ་ལྟར་དུ་ད་ལོར་ཧྲིག་ཨར་ལ་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ནའང་། རེ་བ་དེ་མ་འགྲུབ་པས་ཡིད་ཕངས་པ་ཞིག་རེད་ཟེར། ཁོས་འཕྲིན་ཡིག་ནང་དུ་རྗེས་ཕྱོགས་ཧྲིག་ཨར་ལ་འཚམས་འདྲིར་འགྲོ་བའི་འདོད་བློ་དྲག་པོ་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།