ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ཨ་ཧྥུའུ་ཧན་དུ་ན་ནིང་དྲག་ཆས་འཁྲུག་རྩོད་ལས་མི་སེར་དཀྱུས་མ་ཁྲི་གཅིག་ལྷག་ལ་ཤི་རྨས་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་ཁག་གིས་ཚེས་ཉེར་བཞིའི་ཉིན་སྙན་ཞུ་སྤེལ་ཏེ། ཨ་ཧྥུའུ་ཧན་དུ་ཉིས་སྟོང་བཅོ་བརྒྱད་ལོར་བསྡོམས་པས་མི་སེར་དཀྱུས་མ་ཁྲི་གཅིག་དང་དགུ་བརྒྱ་གོ་གསུམ་ལ་དྲག་ཆས་འཁྲུག་རྩོད་ཁྲོད་ཤི་རྨས་ཐེབས་པ་དང་། དེའི་ནང་མི་སྟོང་གསུམ་དང་བརྒྱད་བརྒྱ་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། མི་སྟོང་བདུན་བརྒྱ་དང་གྱ་དགུར་རྨས་ཕོག་ཡོད། འདས་པོའི་གྲས་སུ་བྱིས་པ་དགུ་བརྒྱ་དང་ཉེར་བདུན་འདུས་ཟེར། 

སྙན་ཞུ་ལས་བཤད་རྒྱུར། ཤི་རྨས་ཐེབས་པའི་ཁ་གྲངས་དེ་སྔོན་ཆད་ཀྱི་ལོ་གང་རུང་ལས་བརྒལ་ཡོད་པ་དང་། བྱིས་པ་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་དེས་ཀྱང་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད་ཟེར། 

སྙན་ཞུ་ལས་མི་སེར་དཀྱུས་མར་ཤི་རྨས་ཐེབས་པ་དེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྤེལ་བའི་འཇབ་རྒོལ་ཡིན་པར་བསྟན་ཡོད་པ་དང་། དེའི་ནང་བརྒྱ་ཆའི་སོ་བདུན་གྱི་མི་སེར་དཀྱུས་མར་ཤི་རྨས་ཐེབས་པ་དེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཐཱ་ལེ་པན་གྱིས་བཟོས་པ་ཡིན་ལ། བརྒྱ་ཆའི་ཉི་ཤུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཡན་ལག་རུ་ཁག་ཧུའུ་ལོ་ཧྲན་ཞིང་ཆེན་ཞེས་པས་བཟོས་པ་རེད། དེ་མིན་ད་རུང་བརྒྱ་ཆའི་དྲུག་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་གཞན་གྱིས་བཟོས་པ་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧྲན་པིན་ཀྲུང་ཐུང་གིས་བསྟན་དོན། སྙན་ཞུ་དེའི་ཞིབ་འཇུག་གྲུབ་འབྲས་ལས་མངོན་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མར་ཐེབས་པའི་གནོད་པ་དང་མྱོང་བའི་དཀའ་སྡུག་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དེ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད། ཕྱོགས་སོ་སོས་མྱུར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ། མི་སེར་དཀྱུས་མའི་ཤི་རྨས་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་བར་བཀག་འགོག་བྱ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།