ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་ཅཱ་ཨར་ཏཱ་ཞི་ལཱ་ས་ཁུལ་གྱི་ཐཱ་ལེ་པན་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བསད་པ་རེད་ཟེར། 

ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཐཱ་པཱ་སཱ་མུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ད་རུང་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་གསོག་ཉར་བྱེད་སའི་མཛོད་ཁང་གཏོར་བ་དང་། དེའི་རྗེས་སུ་ས་ངོས་ཀྱི་འགུལ་སྐྱོད་ཁྲོད། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་བཅུ་འཛིན་བཟུང་བྱས་ཡོད་ཟེར། 

གཞན་ཡང་ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧྥ་ལཱ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་མའོ་ཞི་པུའུ་ཡིས་ཚེས་སུམ་ཅུའི་ཉིན་གསར་འགོད་པར་བཤད་རྒྱུར། ཞིང་ཆེན་དེའི་པཱ་ལཱ་པུའུ་ལོ་ཁི་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ཞིག་ལ་ཚེས་ཉེར་དགུའི་ཉིན་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། བདེ་འཇགས་དམག་དཔུང་གི་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཟེར། ཕྱོགས་གཉིས་ཀྱི་འཁྲུག་རྩོད་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོའི་བར་རྒྱུན་བསྲིངས་པ་དང་། ཐཱ་ལེ་པན་ཕྱོགས་ཀྱི་མི་སྣར་ཡང་ཤི་རྨས་ཐེབས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།