ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་འཇར་མན་གྱིས་མའོ་ཨར་ཏའོ་ཝའི་དཔལ་འབྱོར་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་དྲུག་ཉིན་ཙུང་ལིའི་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་མའོ་ཨར་ཏའོ་ཝའི་ཙུང་ལི་གསར་བ་སིང་ཏུའུ་ལ་ཐུག་འཕྲད་བྱས་ཏེ། འཇར་མན་གྱིས་མའོ་ཨར་ཏའོ་ཝའི་དཔལ་འབྱོར་བཅོས་བསྒྱུར་ལ་རང་ནུས་ཅི་ཡོད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས། 

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མའོ་ཁི་ཨར་གྱིས་སིང་ཏུའུ་ཡི་ཡོ་རོབ་གླིང་ལ་གློ་ཉེ་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ། ཁྲིམས་སྐྱོང་དང་དཔལ་འབྱོར་བཅོས་བསྒྱུར་སོགས་ཀྱི་སྲིད་ཇུས་ལ་གཟེངས་བསྟོད་བྱས། ཁོ་མོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མའོ་ཨར་ཏའོ་ཝའི་བཅོས་བསྒྱུར་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་ཚུལ་གསལ་བོར་བསྟན་པ་དང་། འཇར་མན་གྱིས་ཀྱང་རང་ནུས་ཅི་ཡོད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར། 

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་གྱིས་མའོ་ཨར་ཏའོ་ཝའི་ན་གཞོན་དོ་དམ་འཇོན་མི་བརྒྱ་ཕྲག་འགར་གསོ་སྦྱོང་བྱེད་བཞིན་ཡོད་པ་དང་། འཇར་མན་གྱི་ཁེ་ལས་བརྒྱ་ཕྲག་ལྷག་དང་མའོ་ཨར་ཏའོ་ཝའི་བར་བྱེད་སྒོའི་འགྲོ་འོང་ཡོད་ཟེར། 

སིང་ཏུའུ་ཡིས་བཤད་རྒྱུར། མའོ་ཨར་ཏའོ་ཝའི་སྲིད་གཞུང་གསར་བས་ངེས་པར་དུ་རྒྱལ་ཁབ་བསྐྱར་འཛུགས་བྱེད་དགོས། ཁོ་མོས་ནང་ཁུལ་ནས་མའོ་ཨར་ཏའོ་ཝ་བཅོས་བསྒྱུར་བྱས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་ཏུ་བསྡུ་ལེན་བྱེད་སྲིད་པར་ཡིད་ཆེས་བྱས་ཡོད་པས། མའོ་ཨར་ཏའོ་ཝ་ཡིས་འཇར་མན་གྱི་རྒྱབ་སྐྱོར་ཐོབ་པར་རེ་བཞིན་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།