ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཨུ་རུ་སིའི་བར་གྲོས་མོལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། གྲོས་མོལ་སྲུང་འཛིན་བྱས་ན་ད་གཟོད་འཇར་མན་དང་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་བར་གྱི་གནད་དོན་མང་བོའི་ཐད་གནས་པའི་རྩ་བའི་འགལ་བ་ཐག་གཅོད་བྱེད་ཐུབ་ཟེར། 

འཇར་མན་དང་ཨུ་རུ་སིའི་བར་གྱི་ཧྲིན་པུས་ཏི་པའོ་གྲོས་མོལ་དེ་ཉིན་དེའི་དགོང་མོར་འཇར་མན་ནུབ་ཕྱོགས་ཀྱི་པའོ་ཨིན་གྲོང་ཁྱེར་ནས་སྤེལ་རྒྱུ་ཡིན་པ་དང་། མཱ་སི་ཡིས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་རྒྱུ་རེད། 

འཇར་མན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། མཱ་སི་ཡིས་གྲོས་མོལ་མ་བྱས་གོང་། ཨུ་རུ་སིའི་བར་གྲོས་མོལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། མའོ་སི་ཁིའི་ཟབ་ཞུགས་མེད་ན། ང་ཚོས་གལ་འགངས་ཆེ་བའི་རྒྱལ་སྤྱིའི་གནད་དོན་རེ་འགར་ལན་རྙེད་ཐབས་མི་འདུག ཨུ་རུ་སིའི་བར་གྲོས་མོལ་བྱས་ཏེ་མཉམ་ལས་བྱས་ན། ཡོ་རོབ་གླིང་གིས་ད་གཟོད་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཟེར། 

མཱ་སི་ཡིས་བཤད་རྒྱུར། ཧྲིན་པུས་ཏི་པའོ་གྲོས་མོལ་རྐྱེན་སྲོལ་ནི་འཇར་མན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྦྲེལ་ཐག་གལ་ཆེན་ཞིག་ཡིན་པ་དང་། ཁྱད་པར་དུ་ཆབ་སྲིད་འགལ་བ་ལས་ཕན་ཚུན་བར་གྱི་ཡིད་ཆེས་ལ་གཏོར་བརླག་ཐེབས་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་མི་དམངས་བར་གྱི་བརྗེ་རེས་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར། 

མཱ་སི་ཡིས་བཤད་རྒྱུར། ཁོ་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་རྒྱལ་སྤྱིའི་གནད་དོན་མང་བོར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་དབྱི་རག་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་སྲུང་འཛིན་བྱེད་པ་དང་། མ་འོངས་པའི་དམག་དོན་སྒྲིག་ཆས་ཀྱི་ཚོད་འཛིན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་སོགས་འདུས། ཁོས་བཤད་རྒྱུར། ཉེ་བའི་དུས་སྐབས་ནང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་བ་དང་། ཨུ་རུ་སི་ཡིས་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱས་རྗེས་བཞག་སྟེ། གནས་བབ་དེ་མཇུག་མཐར་ཞི་བདེ་ལ་ཁ་ཕྱོགས་ནས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་པའི་རེ་བ་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།