ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཡང་བསྐྱར་ཕྱི་རྒྱལ་གྱི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཉེ་སྔོན་པའོ་སི་ཝན་ནས་སྣུམ་རྫས་ལྐོག་འཚོང་བྱེད་པར་དོགས་པ་ཡོད་པའི་ཕྱི་རྒྱལ་གྱི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇོག་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གསར་བརྗེ་ཉེན་སྲུང་རུ་ཁག་མཚོ་དམག་གིས་དབྱི་ལིང་གི་ཁྲིམས་འཛིན་སྡེ་ཁག་བར་མཐུན་སྦྱོར་བྱས་རྗེས། ཟླ་བདུན་པའི་ཚེས་སོ་གཅིག་ཉིན་པའོ་སི་མཚོ་ཁུགས་ཀྱི་ཧྥ་ཨར་སི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཕྱི་རྒྱལ་གྱི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ་བདེ་བླག་ངང་སྣུམ་འདྲུད་གྲུ་གཟིངས་དེར་ཚོད་འཛིན་བྱས། སྣུམ་འདྲུད་གྲུ་གཟིངས་སྟེང་དུ་ལྐོག་འཚོང་སྣུམ་རྫས་ཧྲིན་འབུམ་བདུན་དྲུད་ཡོད་ཟེར། 

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་དབྱི་ལིང་གི་གྲུ་ཁའི་གྲོང་ཁྱེར་པུའུ་ཧྲི་ཨར་དུ་བསྐྱལ་ཡོད་པ་དང་། སྣུམ་རྫས་དག་དབྱི་ལིང་རྒྱལ་ཁབ་རྡོ་སྣུམ་ཀུང་ཟི་པུའུ་ཧྲི་ཨར་ཡན་ལག་ཀུང་ཟི་ལ་སྤྲད་དེ་ཐག་གཅོད་བྱེད་དུ་བཅུག་ཡོད་པ་རེད། 

བསྒྲགས་པའི་གནས་ཚུལ་ལས་མིག་སྔའི་བར་དུ་སྣུམ་འདྲུད་གྲུ་གཟིངས་དེ་རྒྱལ་ཁབ་གང་གི་ཡིན་པའི་གནས་ཚུལ་གསལ་བོར་བསྒྲགས་མེད། 

ཟླ་བདུན་པའི་ཚེས་བཅུ་དགུའི་ཉིན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་རྒྱལ་སྤྱིའི་མཚོ་དོན་ཁྲིམས་སྲོལ་དང་འགལ་བའི་དབྱིན་ཇིའི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇོག་བྱས་པ་དང་། ཟླ་དེའི་ཟླ་མགོར་དབྱི་ལིང་གི་སྣུམ་འདྲུད་གྲུ་གཟིས་ཤིག་ཀྲི་པུའུ་ལོ་ཐའོ་མཚོ་འགག་ཉེ་འདབས་ཀྱི་མཚོ་ཁོངས་ནས་དབྱིན་ཇིའི་མཚོ་དམག་གིས་བཀག་འཇོག་བྱས་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།