ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སི་ཡིས་སྔར་བཞིན་འབྲིང་འཕེན་འཕུར་མདའི་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་བཅོ་བརྒྱད་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་འབྲིང་འཕེན་འཕུར་མདའི་གནད་དོན་ཐད་ན་མུ་མཐུད་དུ་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཨ་མེ་རི་ཁས་གྲོས་མོལ་བྱེད་མིན་ཐད་ནས་རྫུན་གཏམ་མི་རུང་བའི་ཉེན་བརྡ་བཏང་། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། འབྲིང་འཕེན་འཕུར་མདའི་གནད་དོན་ཐད་ནས། གལ་ཏེ་ཨ་མེ་རི་ཁས་གྲོས་མོལ་བྱེད་འདོད་ཡོད་ན་གྲོས་མོལ་བྱས་ཆོག་པ་ད་། གྲོས་མོལ་བྱེད་འདོད་མེད་ན་ཐད་ཀར་དུ་བཤད་ཆོག་པ་ལས་རྫུན་གཏམ་མི་རུང་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ད་ལོའི་ཟླ་གཉིས་པར་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་འབུད་པའི་འཕེལ་རིམ་མགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས་པ་ནས། ཟླ་བརྒྱད་པར་ཨ་མེ་རི་ཁ་དངོས་སུ་ཆིངས་ཡིག་དེ་ལས་ཕྱིར་འབུད་རག་བར་དུ། ཨུ་རུ་སིའི་ཕྱོགས་ཀྱིས་ནམ་རྒྱུན་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་ཡོད། འབྲིང་འཕེན་འཕུར་མདའི་གནད་དོན་ཐད་ནས་ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་གྱི་སྒོ་ཆེན་སྔར་བཞིན་ཡངས་པོར་ཕྱེས་ཡོད་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། ཨ་མེ་རི་ཁས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་འབྲིང་འཕེན་འཕུར་མདའ་བཀོད་སྒྲིག་མ་བྱས་ན། ཨུ་རུ་སི་ཡིས་ཀྱང་མཚོན་ཆ་དེ་རིགས་བཀོད་སྒྲིག་བྱེད་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།