ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་ཚད་བརྒལ་གནོན་ཤུགས་སྟེར་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁས་དབྱི་ལིང་ལ་ཚད་བརྒལ་གནོན་ཤུགས་སྟེར་བའི་བྱེད་ཐབས་བསྐྱུར་དགོས་པའི་སྐུལ་མ་བཏང་། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་ཚེས་བཅོ་བརྒྱད་ཉིན་ཏི་ཧེ་ལན་ནས་ནེ་ཀིའི་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། དབྱི་ལིང་ལ་ཨ་མེ་རི་ཁའི་ཚད་བརྒལ་གནོན་ཤུགས་སྟེར་བའི་གནས་ཚུལ་འོག ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་མི་སྲིད། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་བར་གྲོས་མོལ་བྱེད་འདོད་ན། གནོན་ཤུགས་སྟེར་བའི་བྱེད་ཐབས་ཡོད་ཚད་མཚམས་འཇོག་དགོས་པ་དང་། བཀག་སྡོམ་ལ་བརྟེན་ནས་དམིགས་ཡུལ་འགྲུབ་པར་བྱེད་འདོད་པ་ནི་ངལ་བ་འབྲས་མེད་ཀྱི་རྒྱུ་ཡིན་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཉེ་སྔོན་དབྱི་ལིང་དུ་སྡོད་པའི་སུའེ་ཙེར་གྱི་གཞུང་ཚབ་ཁང་བརྒྱུད་དེ། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་ཁ་གཡར་ནས་དབྱི་ལིང་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་དུས་ལྟར་འཁོན་ལན་སློག་སྲིད་པའི་ཐད་ནས་ཨ་མེ་རི་ཁར་ཉེན་བརྡ་བཏང། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་སོ་ཏི་ཨ་རབ་ཀྱི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་པའི་དོན་དེ་དབྱི་ལིང་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པ་བསྐྱར་སྒྲོག་བྱས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡི་སྐྱོན་འཛུགས་ལ་དབྱི་ལིང་གིས་རྒོལ་གཏམ་བཏང་ནས་ངོ་རྒོལ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།