ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་གྲོང་གསེབ་ཀྱི་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་བུད་མེད་ལ་རོགས་སྐྱོབ་དང་ནུས་པ་མཐོ་རུ་གཏོང་བའི་དཔེ་སྟོན་ལས་གཞི་ཀན་ལྷོ་ཁུལ་དུ་ལག་བསྟར་བྱེད་འགོ་བརྩམས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་གིས་ཀན་སུའུ་ཞིང་ཆེན་ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི 2019ལོའི་གྲོང་གསེབ་ཀྱི་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་བུད་མེད་ལ་རོགས་སྐྱོབ་དང་། ནུས་པ་མཐོར་གཏོང་དཔེ་སྟོན་ལས་གཞི་འགོ་ཚུགས་པའི་མཛད་སྒོ་སྤེལ། 

ལས་གཞི་དེ་ནི་ཀན་སུའུ་ཞིང་ཆེན་ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཀན་སུའུ་ཞིང་ཆེན་སེམས་ཁམས་བློ་འདྲི་དགེ་རྒན་སློབ་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་བུད་མེད་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ཤིག་ཡིན་པ་དང་། ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུས་འཐབ་ཕྱོགས་གཅིག་གྱུར་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། དམངས་སྲིད་སོགས་སྡེ་ཚན་དང་མཐུན་སྦྱོར་འབྲེལ་གཏུག་བྱས་རྗེས་ལག་བསྟར་བྱས་པ་རེད། ལས་གཞི་དེས་གྲོང་གསེབ་ཀྱི་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་བུད་མེད་ལ་འཚོ་བའི་ཉེར་སྤྱོད་ལག་རྩལ་དང་། ཀྲུང་ལུགས་གསོ་རིག་གི་འཕྲོད་སྦྱོར་ལག་རྩལ། འཕུར་མཉེད་ལག་རྩལ། རྒྱུན་མཐོང་ནད་གཞིའི་སྨན་བཅོས་ལག་རྩལ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་། སེམས་ཁམས་ནུས་པ་མཐོར་གཏོང་། སྙོམས་སྒྲིག་འཚམ་པོ། ལུས་ཁམས་བརྟག་དཔྱད། དངོས་ཟོག་རོགས་སྐྱོར་སོགས་ཐད་ཀྱི་ཞབས་ཞུ་མཁོ་འདོན་བྱས།

ལས་གཞི་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་འབྲེལ་ཡོད་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་མཐོ་སྒང་གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་རྒྱུན་མཐོང་ནད་རིགས་སྔོན་འགོག་དང་རང་ཉིད་བདེ་སྲུང་ཐད་འཆད་ཁྲིད་བྱས་ཤིང་སྨན་བཅོས་བྱ་འགུལ་སྤེལ། དེ་དང་ཆབས་ཅིག་བུད་མེད་མང་ཚོགས80ལ་ཁྲག་ཤེད་འཇལ་ཆས་དང་ཁྱིམ་སྤྱོད་སྨན་བཅོས་སྒམ་སོགས་སྨན་བཅོས་མཁོ་ཆས་སྤྲད་པ་དང་སྤྱིའི་རིན་ཐང་སྒོར32000ལ་བསླེབས། 

མཛོད་དགེ་སྟོད་མ་ཤང་སྒར་གསར་སྡེ་བའི་སངས་རྒྱས་འཚོ་ཡིས་བཤད་རྒྱུར་ང་ཚོའི་རོང་འབྲོག་སྡེ་བའི་བུད་མེད་མང་བོ་ཞིག་གིས་དུས་རྒྱུན་དུ་འབྲོག་ལས་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། ངལ་རྩོལ་གྱི་ཤུགས་ཚད་ཆེ་བས། བུད་མེད་མང་བོར་གྲུམ་ནད་དང་རླུང་རློན་ཚིགས་གྲུམ་སོགས་ལས་རིགས་ཀྱི་ནད་ཧ་ཅང་འབུར་དུ་ཐོན་ཡོད། ཐེངས་འདིར་ལས་གཞི་ཚན་ཆུང་གིས་ང་ཚོའི་སྡེ་བར་གཅེས་སེམས་འབུལ་བའི་བྱ་འགུལ་སྤེལ་བ་མ་ཟད། ད་དུང་སྨན་རིན་མི་དགོས་པར་ལུས་པོར་བརྟག་དཔྱད་དང་སྨན་བཅོས་བྱས་ནས། ང་ཚོར་གཅེས་སེམས་ཕུལ་བ་འདི་ནི་ང་ཚོའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་སྟེང་གི་སྒུལ་ཤུགས་ཆེན་པོ་ཐེངས་ཤིག་ཡིན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།