ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་བཅུ་ཆ་ལྔ་ཡན་གྱི་ཤང་དང་གྲོང་རྡལ་ལ་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡོད་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2016-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་ཀྱི་ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་353འཛུགས་སྐྲུན་ཟིན་པ་དེས་ཤང་དང་གྲོང་རྡལ་ཡོངས་ཀྱི་བརྒྱ་ཆ་ལྔ་བཅུ་ཟིན་པ་དེའི་ཐོག་ནས་བོད་ལྗོངས་ཀྱི་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་པ་མཚོན་གྱི་ཡོད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར། སྤྱི་ལོ་2013ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་ཤང་དང་གྲོང་རྡལ་རེར་ བཀོད་སྒྲིག་བྱས་པའི་མ་དངུལ་སྒོར་ལྔ་འབུམ་དང་། དེ་བཞིན་ས་གནས་དེ་གའི་ཆུ་བེད་དང་། ཞིང་འབྲོག་ཐིང་། ནགས་ལས། གནམ་གཤིས་སྡེ་ཁག་བཅས་ཁག་སོ་སོས་ཤང་དང་གྲོང་རྡལ་རེ་རེར་མ་དངུལ་སྒོར་ལྔ་ཁྲི་བཀོད་སྒྲིག་བྱས་པ་ཟླ་སྒྲིལ་བཏང་སྟེ་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཡོད། དུས་མཚུངས་སུ་སློབ་གྲྭ་ཆེན་མོ་བ་དང་འབྲིང་རིམ་ཆེད་ལས་སློབ་མ་བཞི་སྟོང་ལྷག་ཙམ་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་འཐབ་ས་དང་པོར་ལས་དོན་སྒྲུབ་པར་བཀོད་སྒྲིག་བྱས་ཏེ། ཞིང་འབྲོག་ཚན་རྩལ་ཞབས་ཞུའི་མི་ཤུགས་དང་དངོས་ཤུགས་དཀོན་པའི་གནད་དོན་ཐག་གཅོད་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཡང་རྩེའི་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར་70དང་བྱེ་བ་གཅིག་དང་ས་ཡ་བདུན་བཏང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་དང་། འབྲོག་པའི་གཏན་སྡོད་ཁུལ། ཤང་དང་གྲོང་རྡལ་གྱི་འབྲོག་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བརྟག་དཔྱད་ཞིབ་བཤེར་མ་ལག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱས་ཏེ། ཞིང་འབྲོག་ལས་གོང་འཕེལ་གྱི་འདིང་ཤུགས་ཆེ་རུ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། བོད་ལྗོངས་ཀྱིས་ད་དུང་ས་མ་འབྲོག་དང་འབྲོག་ལས་ཁེར་གཙང་གི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་332འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།