ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགྱུར་ཡིག་སྒྱུར་གྱི་ཉམས་མྱོང་འགའ་གླེང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་བཞིན་ས་པཎ་གྱིས“མཁས་གང་ཤེས་བྱའི་དེ་ཁོ་ན། ཇི་བཞིན་རྟོགས་པར་ཡིན་པར་འདོད། བྱེ་བྲག་སྦྱངས་པའི་དོན་ཤེས་ན། དེ་ཡང་དེ་ལ་མཁས་པ་ཡིན”ཞེས་གསུངས་པ་ཇི་བཞིན་བོད་ཡིག་ཁོ་ནར་བྱང་བ་ཙམ་གྱིས་ཡིག་སྒྱུར་བྱ་བ་མཐར་ཕྱིན་པ་ཞིག་ཡོང་དཀའ། དེས་ན་བོད་ཡིག་བརྡ་སྤྲོད་གཞུང་ལ་འཕྱུགས་མེད་ཐོག་ད་དུང་རྒྱ་ཡིག་སོགས་མི་རིགས་གཞན་གྱི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་བྱུང་ན་ལོ་ཙཱ་བའི་མཚན་ཉིད་ཡོངས་སུ་རྫོགས་ཡོད། རྨང་གཞི་དེ་གཉིས་ཀྱི་ཐོག་གཞུང་གི་རྩ་དོན་གསུམ་དང་། སྐད་གྱི་ཐབས་དམ་པ་བཞི། ཡིད་འཇོག་བྱེད་དགོས་པའི་དོན་ཚན་བཞི་བློ་རུ་ངེས་དགོས་པ་དང་འབྲེལ《སྒྲ་སྦྱོར་བམ་གཉིས》ནང་གཏན་ལ་ཡོངས་སུ་འཁེལ་བའི“དོན་དང་མི་འགལ་བ་དང་། སྒྲའི་ལུགས་དང་མཐུན་པ། བོད་སྐད་ལ་གོ་བདེ་བ”ཚད་མ་འཛིན་རྒྱུ་ནི་ཡིག་སྒྱུར་ལམ་ལྷོངས་ཡོང་བའི་ཐབས་དམ་པའོ།

གཅིག མ་ཡིག་གི་ནང་དོན་བུ་ཡིག་སྐད་བརྡའི་འགྲོ་ལུགས་དང་མཐུན་དགོས་པའི་སྐོར།

དེང་གི་ཆར་ཕབ་སྒྱུར་གྱི་དོན་མང་པོ་ཞིག་མ་ཡིག་གི་བརྡ་སྤྲོད་གཞུང་དང་མི་མཐུན་པ་དང་གོ་མི་བདེ་བ་ཞིག་ཡོང་བ་དཔེར་ན། “ཡུལ་གཞན་དུ་འཁོར་རིགས་ཀྱི་སྒེའུ་ཁུང་ནས་ཕྱིར་དངོས་པོ་ཞིག་དབྱུགས་ཚེ་དངུལ་ཆད་གཅོད་རྒྱུ་ཡིན”ཞེས་ཕབ་སྒྱུར་བྱས་པ་དེ་བཀླགས་པ་ཙམ་གྱིས་འཇུག་པ་བདེ་པོ་དང་གོ་སླ་པོ་མེད། འོ་ན་དེ་ཉིད་གང་འདྲ་བྱས་ཏེ་བོད་མིས་གོ་བདེ་བ་ཞིག་ཕབ་སྒྱུར་བྱེད་དམ་ཞེ་ན། “ཡུལ་གཞན་དུ་འཁོར་རིགས་ཀྱི་སྒེའུ་ཁུང་ནས་ཕྱིར་དངོས་པོ་དབྱུགས་ཚེ་དངུལ་ཆད་གཅོད་ཀྱི་ཡོད”ཅེས་པར་བསྒྱུར་ན་དོན་དང་མི་འགལ་ལ་བོད་མི་རང་གིས་གོ་བདེ་བ་ཞིག་ཡོང་ཐུབ། ཡང་དཔེར་ན“决策正确与否”ཞེས་པ་དེ“ཐབས་ཇུས་ཡང་དག་ཅིག་བཀོད་ཡོད་མེད”ཅེས་པར་བསྒྱུར་ཡོད། ང་ཚོས་དེ་འདྲའི་རིགས་སྒྱུར་སྐབས་རྒྱ་ཡིག་གི་རྣམ་པ་ཇི་བཞིན་མི་སྒྱུར་བར“ཐབས་ཇུས་ཡང་དག་མིན”ཞེས་བསྒྱུར་ན་ལེགས། ཡང“如此规模空前的建设”ཞེས་པ་དེ་གཞི་ཁྱོན་དེ་ལྟ་བུར་ཆེ་བའི་འཛུགས་སྐྲུན”ཞེས་བསྒྱུར་བ་དེ“འཛུགས་སྐྲུན་གཞི་ཁྱོན་ཆེན་པོ་དེ་ལྟ་བུ”ཞེས་བསྒྱུར་ན་འཚམ། ཡང“西藏工作在全国大局中的战略地位”原译“བོད་ཀྱི་ལས་དོན་གྱི་རྒྱལ་ཡོངས་ལས་དོན་ཁྱོན་ཡོངས་ནང་གི་འཐབ་ཇུས་གནས་བབ”ཅེས་ཐད་སྒྱུར་བྱས་པ་དེ“རྒྱལ་ཡོངས་ཀྱི་ལས་དོན་ཧྲིལ་པོའི་ནང་བཟུང་བའི་བོད་ཀྱི་ལས་ཀའི་འཐབ་ཇུས་གནས་བབ”ཅེས་སྒྱུར་ན་ལེགས།

གཉིས། རྒྱ་ཡིག་ཐ་སྙད་གཅིག་ལ་ནང་དོན་དང་བརྗོད་བྱའི་བབ་ལ་བསྟུན་ནས་དོན་ཇི་བཞིན་སྒྱུར་ཐབས་སྐོར།

“རྫོད་བྱེད་ཚིག་གི་སྒྲ་འདྲ་ཡང་། བརྗོད་བྱའི་དོན་ལ་ཁྱད་པར་ཆེ”ཞེས་གསུངས་པ་ལྟར། དཔེར་ན་རྒྱ་ཡིག་ཐད་སྙད“坚持”ཞེས་པར་ཆ་མཚོན་ན། དེའི་གོ་དོན་ནི་ཕལ་ཆེ་བ་རྒྱུན་འཁྱོངས་མཐའ་འཁྱོངས་ཙམ་གུ་དོན་བསྟན་གྱི་ཡོད། འོན་ཀྱང་ལོ་ཙཱ་བས“坚持”ཞེས་པ་དེ་མཐའ་འཁྱོངས་ཁོ་ན་ཙམ་དུ་སྒྱུར་རྐྱང་བྱས་ན་མི་འགྲིག དཔེར་ན“他坚持不住了,就招了”ཞེས་པའི་ཚིག་དེ་མཐའ་འཁྱོངས་ཞེས་པར་ཕབ་ན་མི་འགྲིག འོ་ན་ཇི་ལྟར་ཕབ་དགོས་ཞེ་ན“ཁོ་པ་སྡུག་རུས་མ་འཁྱོག་ཙང་། ངོས་ལེན་ཞུ་དགོས་བྱུང་བ་རེད”ཅེས“坚持”ཞེས་པའི་ཚིག་དེ་ད་རེས“སྡུག་རུས”ལ་བསྒྱུར་ན། དོན་དང་འཚམ་ཐུབ་པ་ཞིག་ཡོང་ཐུབ། ཡང“在同事的坚持下,尼玛已经回去了”ཞེས་པའི་ནང་གི“坚持”ཞེས་པ་དེ“ལས་རོགས་ཀྱི་ཨུ་ཚུགས་མཐའ་སྐྱེལ་བྱས་པ་བརྒྱུད་ཉི་མ་ཁྱིམ་དུ་ལོག”ཅེས“坚持”ཞེས་པ་ཨུ་ཚུགས་མཐའ་སྐྱེལ་དུ་བསྒྱུར་ན་དེ་བས་འཚམ། རིགས་དེ་དང་འདྲ་བ་དཔེར་ན། “牺牲”ཞེས་པའི་ཚིག་དེའི་དོན་ཕལ་ཆེ་བ་ནི“སྐུ་གཤེགས་པའི”དོན་ཙམ་འདོན་གྱི་ཡོད། མ་ཡིག“ 付出了很大的牺牲”ཞེས་པ་དེ“བློས་གཏོང་ཆེན་པོ་བྱེད་དགོས”ཞེས་པ་དང་། 原文“ 为革命事业牺牲的烈士”ཞེས་པའི་ནང་གི“烈士”ཞེས་པའི་ནང་གི“牺牲”ཞེས་པའི་ཚིག་དེ“རང་སྲོག་དོར་བ”ཞེས་བསྒྱུར་ན་འཚམ། མ་ཡིག“雷锋同志为人民服务 牺牲了所有节假日”ཞེས་པའི་ནང་གི“牺牲”ཞེས་པ་དེ“དོར་བ”ཞེས་བསྒྱུར་ན་བརྗོད་བྱའི་དོན་དང་མི་འགལ་བ་དང་མང་ཚོགས་ཀྱིས་གོ་དོན་རྟོགས་ཐུབ་པ་ཞིག་ཡོང་ཐུབ།

གསུམ། ཡིག་སྒྱུར་གྱི་ཐབས་གང་ལ་དེ་འཚམ་སྤྱོད་དགོས་པའི་སྐོར།

དེ་ཡང་སྒྱུར་ཐབས་ཐད་ཐད་སྒྱུར་དོན་སྒྱུར། ཐད་ལོག་སྒྱུར་སོགས་ཀྱི་ཐབས་སྤྱོད་དགོས་ཟེར་པ་ཀུན་གྱིས་ཤེས་གསལ་ཡིན་མོད། དེ་ཡང་བསྒྱུར་བྱའི་ནང་དོན་ལ་གཞིགས་ནས་སྒྱུར་ཐབས་གང་ལ་དེ་འཚམ་སྤྱོད་དགོས། རང་ཉིད་ལོ་ཙཱའི་ལས་ལ་ཞུགས་པའི་མྱོང་ཚོར་ལྟར་ན། ཐད་སྒྱུར་དང་། དོན་སྒྱུར། ཐད་ལོག་སྒྱུར་བཅས་སྤྱི་དང་བྱེ་བྲག་གི་ཐབས་དཔེར་ན། འཕྲི་སྣོན་གྱི་ཐབས་ཀྱང་གཅིག་མཚུངས་སུ་སྤྱོད་དགོས་པའི་ངོས་འཛིན་ཡོང་གི་འདུག ཡང་དཔེར་ན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྱི་གསུང་བཤད་དང་ཆབ་སྲིད་ཀྱི་ནང་དོན་ཟབ་མོ་ལྡན་པའི་རིགས་སྒྱུར་སྐབས་ཐད་སྒྱུར་གྱི་ཐབས་མང་ཙམ་སྤྱོད་དགོས་པ་དང་། འཕྲིན་སྤེལ་གྱི་རིགས་དང་རྩོམ་རིག་གི་ནང་དོན་ཟབ་མོ་ལྡན་པའི་སྒྱུར་རྩོམ་ཕབ་སྒྱུར་བྱེད་སྐབས་དོན་སྒྱུར་གྱི་ཐབས་གཙོ་བོར་བཟུང་དགོས་པའི་མྱོང་ཚོར་ཡོང་གི་འདུག དཔེར་ན“今年是减免农业税政策的第一年”ཞེས་པ་དེ“འདི་ལོ་ནི་ཞིང་ལས་ལ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྒྱུར་བཅོས་ཀྱི་ལོ་དང་པོ་རེད”ཞེས་པ་དེ་དང་འདྲ་བར་ཐད་སྒྱུར་གྱི་ཐབས་སྤྱད་ན་འཚམ་པ་དང་། 由于执政的自民党和公民党共获得了60席。加上西党非改造的79席。执政党方面的议席总数依然超过参政院242个议席的半数。因此小泉不必为选举失利而承担责任,可以继续执 ཞེས་པར“སྲིད་སྐྱོང་གི་གཙོ་མི་ཏང་དང་ཀྲུང་མིན་ཏང་ལ་ཁྱོན་བསྡོམས་གདན་ཐོབ་60ཐོབ་པ་དེའི་སྟེང་ཏང་གཉིས་ཀྱི་བསྐྱར་འདེམས་མིན་པ་གདན་ཐོབ་69ཐོབ་པ། སྲིད་སྐྱོང་ཏང་གི་གདན་ཐོབ་ཀྱི་སྤྱི་འབོར་དེ་གྲོས་ཁང་གོང་མའི་གདན་ཐོབ་242ཀྱི་ཕྱེད་ཀ་ལས་བརྒལ་བའི་རྐྱེན་གྱིས་ཞའོ་ཆོན་གྱིས་འདེམས་བསྐོ་ཕམ་པའི་དབང་གིས་འགན་འཁུར་མི་དགོས་པར་སྲིད་སྐྱོང་མུ་མཐུད་ཐུབ་པ་བྱུང་ཡོད”ཅེས་ཐད་སྒྱུར་བྱས་ཡོད། དེ་ལྟར་ཐད་སྒྱུར་བྱས་ན་མ་ཡིག་ལ་བལྟས་པ་ཙམ་གྱིས་བསྟན་བྱའི་དོན་གང་ཡིན་གསལ་པོ་ཞིག་རྟོགས་ཐུབ་ཀྱི་མེད། ནང་དོན་དེའི་ཐད་རབ་བྱུང་ན་དོན་སྒྱུར་གྱི་ཐབས་སྤྱད་ན་འཚམ། “སྲིད་དབང་འཛིན་མཁན་རང་དམངས་ཏང་དང་སྤྱི་དམངས་ཏང་ལ་ཁྱོན་བསྡོམས་གདན་ཐོབ་60ཐོབ་པའི་ཁར་ཏང་གཉིས་པོའི་བསྐྱར་འདེམས་མི་དགོས་པའི་གདན་ཐོབ་79བསྣན་ཚེ། སྲིད་དབང་འཛིན་མཁན་ཏང་ཕྱོགས་ཀྱི་གདན་ཐོབ་སྤྱི་འབོར་དེ་སྔར་བཞིན་གྲོས་ཁང་གོང་མའི་གདན་ཐོབ་242ཡིན་པའི་ཕྱེད་ཀ་ཡན་ཟིན་སྟབས་ཞའོ་ཆོན་གྱིས་འདེམས་བསྐོ་ཕམ་པའི་འགན་འཁྲི་འཁུར་དགོས་མ་བྱུང་བར་མུ་མཐུད་སྲིད་དབང་འཛིན་བྱ་ཆག”ཅེས་བསྒྱུར་ན་འཚམ། ཡང“最大在野党民族党”ཞེས་པ་དེ“ཆེ་ཤོས་ཡིན་པའི་ཙེ་དབྱི་ཏང་གི་དམངས་གཙོའི་ཏང”ཞེས་ཐད་སྒྱུར་བྱས་ན་བསྟན་བྱའི་ནང་དོན་གསལ་པོ་བཏོན་ཐུབ་མེད་ལ“在野”ཞེས་པའི་ཐ་སྙད་ལ་གོ་བ་ཟབ་མོ་ཞིག་ལེན་ཐུབ་མེད་ཙང་དེ་ལྟར་སྒྱུར་བ་རེད། “在野” 一词指的是不当政的意思 所以应译 “སྲིད་དབང་བཟུང་མེད་པའི་ཏང་ཤོག་ཆེ་ཤོས་དམངས་གཙོ་ཏང”ཞེས་བསྒྱུར་ན་ནང་དོན་དང་མཚུངས་པ་ཞིག་ཡོང་ཐུབ།

བཞི། བསྒྱུར་ཡིག་གི་བྱ་ཚིག་གཉིས་དུས་གཅིག་ཏུ་འཕྲད་སྐབས་གང་འདྲ་བསྒྱུར་དགོས་མིན་སྐོར།

དུས་རྒྱུན་སྒྱུར་ཡིག་ནང་བྱ་ཚིག་གཉིས་དུས་གཅིག་ཏུ་ཡོད་པའི་སྒྱུར་ཡིག་འཕྲད་སྐབས་ཇི་འདྲ་བྱས་ཏེ་སྒྱུར་དགོས་ཞེ་ན། དཔེར་བརྗོད། “选民普遍反对政府及执政党 在国会中强行通过的年金(养老金)制度改革法”“ཞེས་པར”འདེམས་དམངས་ཀྱིས་སྲིད་གཞུང་དང་དེ་བཞིན་སྲིད་སྐྱོང་ཏང་གིས་མི་རིང་བའི་གོང་རྒྱལ་ཚོགས་ཁྲོད་བཙན་ཤེད་ཀྱིས་གྲོས་འཆམ་བྱས་པའི“ལོ་བོགས་རྒན་གསོའི་དངུལ”སྒྱུར་བཅོས་བཅའ་ཁྲིམས་ལ་ཡོངས་ཁྱབ་ཀྱིས་ངོ་རྒོལ་བྱས”ཞེས་བསྒྱུར་པའི་ནང་བྱ་ཚིག་གཉིས་མཉམ་དུ་བྲིས་ན་དོན་ལ་གོ་ནོར་ཐེབས་པའི་སྐྱོན་ཆ་ཡོང་སྟེ། དེ་ཡང་ཇི་ལྟར་སྒྱུར་དགོས་ཞེ་ན“མི་རིང་བའི་གོང་སྲིད་གཞུང་དང་སྲིད་སྐྱོང་ཏང་གིས་རྒྱལ་ཚོགས་ཁྲོད་བཙན་ཤེད་ཀྱིས་གྲོས་འཆམ་བྱས་པའི“ལོ་བོགས་རྒན་གསོའི་དངུལ”ལམ་ལུགས་ཀྱི་སྒྱུར་བཅོས་བྱ་ཐབས་ལ་འདེམས་དམངས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱས་པ”ཞེས་བྱ་ཚིག་གཉིས་ཁ་ཕྲལ་ནས་བསྒྱུར་ན་དོན་ལེགས་པར་མཚོན་ཐུབ། ཡང་དཔེར་ན“日本政府 作出的自卫队在伊拉克权利移交后参加多国部队的决定遭到多数人反对” ཞེས་པར་རི་པིན་སྲིད་གཞུང་གིས་མི་རིང་བའི་གོང་རང་སྲུང་རུ་ཁག་གི་དབྱི་ལ་ཁེའི་དབང་ཆ་རྩིས་སྤྲད་རྗེས་རྒྱལ་ཁབ་མང་པོ་དཔུང་སྡེར་ཞུགས་རྒྱུའི་གཏན་འབེབས་ལ་མི་མང་པོ་ཞིག་གི་ངོ་རྒོལ་བྱས་ཡོད”འོ་ན་འདི་ཉིད་ཇི་ལྟར་སྒྱུར་དགོས་ཞེ་ན། དབྱི་ཐ་ལིའི་དབང་ཆ་རྩིས་སྤྲད་རྗེས་རྒྱལ་ཁབ་མང་པོའི་དཔུང་སྡེའི་ནང་རང་སྲུང་རུ་ཁག་ཞུགས་རྒྱུའི་སྐོར་ལ་མི་རིང་བའི་གོང་རི་པིན་སྲིད་གཞུང་གིས་བྱས་པའི་གཏན་འབེབས་དེར་མི་མང་པོས་ངོ་ལ་བྱས་པ”ཞེས་སྒྱུར་དགོས།

མདོར་ན་ཡིག་སྒྱུར་གྱི་ལས་ལ་གཞོལ་བའི་དུས་སུ་སྐབས་དོན་བརྗོད་བྱའི་གནས་སྐབས་དང་བསྟུན་ནས་སྒྱུར་བྱེད་ཡི་གེའི་བརྡ་སྤྲོད་ལུགས་དང་མཐུན་ཞིང་ཚིག་སྦྱོར་བདེ་པོ་ཞིག་ཡོང་བ་བྱ་རྒྱུ་ནི་དགོས་གལ་ཆེ་ལ་སྒྱུར་བའི་དོན་ཡང་གནད་དང་འཁེལ་མིན་དང་ཀློག་པ་པོས་གསལ་པོ་གོ་ཐུབ་མིན་དེ་གཙིགས་སུ་འཛིན་དགོས་པ་ལོ་ཙཱ་བ་ཚང་མས་བློ་ལ་ངེས་དགོས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།