རྩོམ་རིག་སློབ་གསོ་དང་སྐད་ཡིག་སློབ་གསོའི་འབྲེལ་བ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་སྐད་ཡིག་སློབ་གསོའི་ལག་ལེན་ཁྲོད་རྩོམ་རིག་སློབ་གསོ་གཙིགས་ཆེན་དུ་འཛིན་པ། བོད་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་ལེགས་ཤོས་དང་། རྩོམ་རིག་གཞུང་ལུགས། རྩོམ་རིག་ལོ་རྒྱུས་སོགས་གཙོ་བོར་བཟུང་ནས་སློབ་ཁྲིད་བྱས་ཚེ། སློབ་མའི་རྩོམ་འབྲིའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་ཐུབ་པའི་སྐོར་ལ་ཅུང་ཙམ་དཔྱད་ཡོད།dmFཀྲུང་གོ་བོད་ཀྱི་དྲ་བ།

བརྡ་ཆད་གཙོ་བོ།  རྩོམ་རིག་སློབ་གསོ། སྐད་ཡིག རྩོམ་འབྲིའི་ནུས་པ།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་དང་སྐད་ཡིག་བར་གྱི་འབྲེལ་བ།dmFཀྲུང་གོ་བོད་ཀྱི་དྲ་བ།

  ང་ཚོ་བོད་ལ་མཚོན་ན། སྐད་ཡིག་སློབ་གསོའི་ཁྲོད་དུ་རྩོམ་རིག་སློབ་གསོ་ཇི་ལྟར་བྱེད་པ་ནི་དཔྱད་གཞི་གསར་བ་ཞིག་ཡིན། ད་ལྟའི་བར་དུ་རྩོམ་རིག་སློབ་གསོ་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་ཡོན་ཚད་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་བར་སུས་ཀྱང་དོ་སྣང་བྱས་མ་མྱོང་། རྩོམ་རིག་གིས་སློབ་མའི་བསམ་བློ་དང་རིག་པ། ཀུན་སྤྱོད། སྒྱུ་རྩལ་གྱི་བློ་སྦྱོང་། སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་ནུས་པ་ལ་སོགས་པ་སྐྱེད་སྲིང་བྱེད་པའི་ཐད་ལ་ནུས་པ་ཅི་འདྲ་ཐོན་པར་སུས་ཀྱང་ཞིབ་འཇུག་བྱས་མྱོང་མེད། དེ་ནི་ཕལ་ཆེར་བོད་ལ་རྩོམ་རིག་སློབ་གསོ་བྱེད་པའི་སྲོལ་དར་འཕྱིས་པའི་རྐྱེན་གྱིས་ཡིན་པའམ། ཡང་ན་རྩོམ་རིག་སློབ་གསོ་ནི་སྐད་ཡིག་སློབ་གསོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཤེས་པའི་རྐྱེན་གྱིས་ཡིན་ནོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  བོད་ཀྱི་སྲོལ་རྒྱུན་གྱི་སྐད་ཡིག་སློབ་གསོའི་འདུ་ཤེས་ལྟར་ན། སྐད་ཡིག་ནི་སུམ་རྟགས་དག་གསུམ་ཁོ་ན་ཡིན་པས། དེའི་ནང་དུ་རྩོམ་རིག་མི་འདུ་བ་ཡིན། 《སྙན་ངག་མེ་ལོང》རྩོམ་རིག་གཞུང་ལུགས་ཡིན་པའི་ཆ་ནས་ཁྲིད་པའི་སྲོལ་ཡོད་ཀྱང་། དེ་ནི་ཕྱོགས་རེ་བ་ཙམ་ཡིན་ལ། 《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》དང《མི་དབང་རྟོགས་བརྗོད》སོགས་རྩོམ་རིག་བརྩམས་ཆོས་ཁྲིད་པའི་སྲོལ་ཡོད་ཀྱང་། དེ་ནི་རྩོམ་རིག་སློབ་གསོ་ཉི་ཚེ་བ་ཙམ་ཡིན་པ་ལས་དོན་ངོ་མའི་རྩོམ་རིག་སློབ་གསོ་མ་ཡིན་ནོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  བོད་ལ་དེང་རབས་ཀྱི་རྩོམ་རིག་སློབ་གསོ་ནི། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་སྨད་ཙམ་ལ་ཐོག་མར་དར་བ་ཡིན། སྐབས་དེར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གཉིས་ཀྱི་ནང་གི་དགེ་རྒན་མིག་རྒྱང་ཅན་ཁ་ཤས་ཀྱིས་ཐོག་མར་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་བརྩམས་ཆོས་དང་། རྒྱའི་རྩོམ་རིག་གཞུང་ལུགས་བོད་ཡིག་ཏུ་བསྒྱུར་ནས་སློབ་ཁྲིད་བྱས་པ་ནས་བཟུང་སྟེ། ད་གཟོད་བོད་ལ་དེང་རབས་ཀྱི་རྩོམ་རིག་སློབ་གསོ་བྱེད་པའི་སྲོལ་དར་བ་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་སློབ་གསོ་ནི་སྐད་ཡིག་སློབ་ཁྲིད་ལ་ཁག་ཁུར་མང་པོ་ཡོད་པའི་ནང་གི་ལས་འགན་གལ་ཆེན་ཞིག་ཡིན། སྐད་ཡིག་ཅེས་པའི"སྐད"ནི་སྐད་ཆ་ལ་གོ་དགོས་པ་དང་། "ཡིག"ནི་ཡི་གེའམ་རྩོམ་ཡིག་ལ་གོ་དགོས་པ་ཡིན། ང་ཚོས་སྐད་ཡིག་སྦྱང་བའི་དམིགས་ཡུལ་ནི། སྐད་ཆ་དང་ཡི་གེ་སྦྱངས་པ་ལ་བརྟེན་ནས་སྐད་ཆ་ཇི་ལྟར་ཡི་གེར་འགོད་པའམ། སྐད་ཆ་ཇི་ལྟར་རྩོམ་ཡིག་ཏུ་འབྲི་བའི་ཐབས་སམ་ནུས་པ་སྦྱང་རྒྱུ་དེ་ཡིན། དེའི་ཕྱིར། སྐད་ཆ་ལ་ནང་བྱན་ཆུད་པར་བྱེད་པ་ནི་རྩོམ་ཡིག་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། སྐད་ཆ་ཅི་འདོད་དུ་ཡི་གེར་ཕབ་པའམ་རྩོམ་ཡིག་ཏུ་འབྲི་བའི་ནུས་པ་ལྡན་དགོས་ན། ངེས་པར་དུ་རྩོམ་རིག་སློབ་གསོ་ལ་བརྟེན་དགོས། དེ་ཡང་ཇི་སྐད་དུ། "རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན།" ཞེས་པ་ལྟར། རྩོམ་རིག་གི་སྐད་ཆ་ནི་དུས་རབས་རིམ་བྱོན་གྱི་རྩོམ་རིག་མཁན་པོ་རྣམས་ཀྱིས་འཚོ་བའི་ནང་གི་སྐད་ཆ་ལ་བསྲེགས་བཅད་བརྡར་གསུམ་བྱས་ནས་ཡི་གེར་ཕབ་པའི་ཚིག་སྦྱོར་རྨ་མེད་པ་ཡིན་ལ། འཚོ་བའི་ནང་གི་སྐད་ཆ་ལ་ཡང་བསྐྱར་ལས་སྣོན་བྱས་པའི་སྒྱུ་རྩལ་གྱི་ཐོན་རྫས་ཏེ། སྐད་ཆའི་སྒྱུ་རྩལ་ཡིན། རྩོམ་རིག་བརྩམས་ཆོས་ཕུལ་བྱུང་གི་སྐད་ཆ་ནི་དག་ཆ་ཐོན་པ། བརྗོད་བདེ་བ། ཉམས་ཐོན་པ། རྣ་བར་སྙན་པ། ཁ་གསལ་བ། གོ་སླ་བ་ཞིག་ཡིན། དེའི་ཕྱིར། ང་ཚོས་སྐད་ཡིག་སློབ་པ་ལ་སྐད་ཆའི་སྒྱུ་རྩལ་དུ་གྱུར་པའི་རྩོམ་རིག་མ་བསླབས་ན་ག་ལ་འགྲིག་སྟེ། མི་འགྲིག་ལ། རྩོམ་རིག་གི་སྐད་ཆ་ནི་འཚོ་བའི་ནང་གི་སྐད་ཆ་དང་ཡི་གེ་གཉིས་ཚད་མཐོན་པོའི་སྒོ་ནས་སྡེབ་སྦྱོར་བྱས་པ་ཞིག་ཡིན་པས། སྐད་ཡིག་སློབ་པ་ལ་མེད་མི་ཆོག་པའི་སྐད་དང་ཡི་གེའི་རྒྱུ་ཆ་ཡིན་ནོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  བོད་ཀྱི་སྲོལ་རྒྱུན་ལ་སྐད་ཡིག་ནི་མིང་དང་ཡི་གེའི་ནང་དོན་དང་དག་ཆ་དང་། བརྡ་སྤྲོད་སུམ་རྟགས་ཙམ་ལ་ངོས་འཛིན་པའི་སྟབས་ཀྱིས། ང་ཚོས་རྩོམ་རིག་གིས་སྐད་ཡིག་བསླབ་བྱ་ལ་ཐོན་པའི་རིན་ཐང་ལ་དོ་སྣང་མ་བྱས་པ་ཡིན། དེང་སང་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་སྐད་ཡིག་སློབ་ཁྲིད་ཀྱི་ལས་འགན་ནི་ཡི་གེ་བཞི་སྟེ། འབྲི། ཀློག ཉན། བཤད་བཞི་ཡིན། འབྲི་བ་སྟེ། ཡི་གེ་དག་པར་འབྲི་ཤེས་པ་དང་། རྩོམ་ཡིག་འབྲི་ཤེས་པ། ཀློག་པ་སྟེ། ཡི་གེ་སྒྲ་དག་པར་ཀློག་ཤེས་པ་དང་། དཔེ་ཆ་ཀློག་ཤེས་ཤིང་དོན་གོ་བ། ཉན་པ་སྟེ། གཏམ་དང་སྒྲུང་ལ་ཉན་ཤེས་ཤིང་དོན་གོ་བ། བཤད་པ་སྟེ། སྐད་ཆ་སྨྲ་བརྗོད་དག་ཅིང་བརྒྱུད་རིམ་ལྡན་པར་བཤད་ཤེས་པ་བཅས་ཡིན། དེའི་སྟབས་ཀྱིས་སྐད་ཡིག་གིས་སློབ་མའི་འབྲི་ཀློག་ཉན་བཤད་བཞིའི་ནུས་པ་སྐྱེད་སྲིང་བྱེད་པ་རྩ་བའི་ལས་འགན་དུ་བྱས་ནས་སློབ་གསོ་བྱེད་དགོས་པ་ཡིན། རྩོམ་རིག་ནི་སྐད་ཆ་ཡིན་པ། ཡི་གེ་ཡིན་པ། སྒྲུང་ཡིན་པ། རྩོམ་ཡིན་པ་བཅས་ཀྱི་ཆ་ནས་སློབ་མའི་འབྲི་ཀློག་ཉན་བཤད་བཞིའི་ནུས་པ་སྐྱེད་སྲིང་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་པ་དང་། དེའི་ཚབ་གཞན་གྱིས་བྱེད་མི་ཐུབ་པ་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  དེང་སང་བོད་ཀྱི་རྩོམ་རིག་ལ་འཕེལ་རྒྱས་དེ་འདྲ་བྱུང་མེད་ལ། དེ་ཡང་མཐར་ཐུག་ནས་བཤད་ན། བོད་ཀྱིས་སྐད་ཡིག་སློབ་གསོའི་ཁྲོད་ཀྱི་རྩོམ་རིག་སློབ་གསོ་ལ་དོ་སྣང་མ་བྱས་པའི་རྐྱེན་གྱིས་རེད། ཡང་དེང་སང་རྩོམ་ཡིག་འབྲི་ཚུལ་གྱི་ཤེས་བྱ་ཁོ་ན་ཙམ་ཁྲིད་པ་ལ་བརྟེན་ནས་རྩོམ་ཡིག་འབྲི་བའི་ནུས་པ་སྐྱེད་སྲིང་བྱེད་ཀྱིན་ཡོད་ཀྱང་། དེ་ནི་ཟྭ་ལ་ཟྭ་ཀ་བཏབ་པ་ལྟར་གྱུར་ནས་ཡིད་ལ་རེ་བའི་འབྲས་བུ་ཐོབ་ཐུབ་མེད། དེ་ཡང་རྩོམ་རིག་དང་བྲལ་བའི་སྒོ་ནས་རྩོམ་འབྲི་ཤེས་བྱ་ཁོ་ན་ཙམ་ཁྲིད་པའི་སྟབས་ཡིན་ནོ། །འོ་ན། སློབ་མས་རྩོམ་ཡིག་འབྲི་མི་ཤེས་པའི"གེགས"དེ་ཇི་ལྟར་གཏོར་དགོས་ཤེ་ན། སློབ་གྲྭ་ཆེན་མོའི་བར་གྱི་སྐད་ཡིག་སློབ་གསོའི་ཁྲོད་དུ། རྩོམ་འབྲི་ཤེས་བྱ་ཁྲིད་པ་རྨང་གཞི་བྱས་པའི་ཐོག་ཏུ་རིམ་པ་བཞིན་དུ་རྩོམ་རིག་སློབ་གསོ་བྱེད་པར་གཙིགས་ཆེན་བྱས་ཏེ། བོད་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་དང་། རྩོམ་རིག་གཞུང་ལུགས། རྩོམ་རིག་ལོ་རྒྱུས་སོགས་ཁྲོད་ན། སློབ་མའི་རྩོམ་ཡིག་འབྲི་བའི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་ཐུབ་ངེས་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  དེའི་ཕྱིར། རྩོམ་རིག་སློབ་གསོ་ནི་སྐད་ཡིག་བསླབ་པ་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། སློབ་མའི་སྐད་ཡིག་གི་ཡོན་ཚད་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་བས་ཁག་ཐེག་བྱེད་ཐུབ་པའི་བསླབ་བྱ་ཞིག་ཀྱང་ཡིན་ནོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  ཕྱི་རྒྱལ་གྱི་རྩོམ་རིག་སློབ་གསོའི་གནས་ཚུལ།dmFཀྲུང་གོ་བོད་ཀྱི་དྲ་བ།

  དབྱིན་ཇི་ནས1985ལོར་སྤེལ་བའི《འབྲིང་རིམ་སློབ་གསོའི་འཛིན་ཡིག་གི་རྒྱལ་ཁབ་ཀྱི་ཚད་གཞི་དབྱིན་ཡིག》ལས། "དབྱིན་ཡིག་ནི་རིག་ཚན(ཀྤོཛྷ)གཅིག་ཡིན་ལ། དབྱིན་ཡིག་དང་དབྱིན་ཇིའི་རྩོམ་རིག་སྟེ་བསླབ་ཚན་གཉིས་བྱས་ཀྱང་ཆོག"ཅེས་གཏན་ལ་ཕབ་ཡོད། དབྱིན་ཡིག་རིག་ཚན་ཀྱི་ནང་དུ་ཉན་བཤད་དང་ལྟ་ཀློག་རྩོམ་འབྲི། སྦྱོར་ཀློག་ཡིག་གཟུགས་བཅས་ཏེ། སྐད་རང་ཡི་གེའི་སློབ་གསོ་དང་རྩོམ་རིག་སློབ་གསོ་གཉིས་འདུས་ཤིང་། སློབ་མར་མཛུབ་སྟོན་བྱས་ཏེ་དབྱིན་ཇིའི་རྩོམ་རིག་དང་ཨ་རིའི་རྩོམ་རིག དབྱིན་འགྱུར་ཕྱི་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་བཅས་བཀླག་ཏུ་འཇུག་དགོས་པ་དང་། སློབ་མས་བརྩམས་ཆོས་ཁྲོད་ཀྱི་བརྗོད་བྱའི་བསྟན་དོན་དང་མི་སྣ། སྐད་ཆ། མཚོན་ཐབས་སོགས་ཀྱི་ཐད་ནས་རྩོམ་རིག་བརྩམས་ཆོས་ལ་དཔྱད་མྱོང(ཀྲྀཌྃ)བྱེད་ཐུབ་དགོས་པ་མ་ཟད། རྩོམ་རིག་བརྩམས་ཆོས་བཀླགས་པའི་མྱོང་ཚོར་དང་བསམ་ཚུལ་བརྗེ་རེས་བྱེད་ཐུབ་དགོས་པ་རེད།dmFཀྲུང་གོ་བོད་ཀྱི་དྲ་བ།

  ཨ་མེ་རི་ཀར་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་ཁྲིད་འཆར་གཞི་དང་བསླབ་བྱ་ཞིག་མེད་མོད། དབྱིན་ཡིག་བསླབ་བྱའི་ནང་དུ་བརྡ་སྤྲོད་དང་ལྟ་ཀློག་རྩོམ་གཞུང་དང་རྩོམ་འབྲི་བཅས་འདུས་པ་དང་། སྐད་ཆའི་སྒྱུ་རྩལ་གྱི་བསླབ་བྱའི་ནང་དུ་ཨ་རིའི་རྩོམ་རིག་དང་དབྱིན་ཇིའི་རྩོམ་རིག འཛམ་གླིང་གི་རྩོམ་རིག རྩོམ་རིག་གཤིབ་སྡུར་བཅས་འདུས་ཡོད་པ་རེད། དེ་ལྟར་སློབ་མར་མཛུབ་སྟོན་བྱས་ཏེ། རིམ་པ་བཞིན་དུ་གནའ་དེང་གི་རྩོམ་རིག་གི་ཚབ་བྱེད་བརྩམས་ཆོས་ལ་རྒྱུས་ཡོད་པར་བྱེད་དགོས་པ་དང་། སྐད་ཆའི་སྒྱུ་རྩལ་ལ་རོལ་མྱོང་བྱེད་ཤེས་དགོས་ལ། རྩོམ་རིག་བརྩམས་ཆོས་ལ་དཔྱད་བརྗོད་བྱེད་ཐུབ་དགོས་པ་མ་ཟད། རྩོམ་རིག་བརྩམས་ཆོས་བཀླག་པའི་གོམས་གཤིས་ཆགས་སུ་འཇུག་དགོས་པ་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  འཇར་མན་གྱི་ཀྲོའུ་གཅིག་གི་འཇར་ཡིག་སློབ་ཁྲིད་རྩ་འཛིན་གྱི་ནང་དུ། "འཇར་ཡིག་གི་ལས་འགན་ནི་གཞོན་ནུ་རྣམས་ལ་སྐད་དང་ཡི་གེ་དང་རྩོམ་རིག་གི་ཕྱོགས་ནས་སློབ་གསོ་བྱེད་རྒྱུ་དེ་ཡིན་ཞིང་། འདི་ནི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་འཕྲིན་ལས་ཡིན།" ཞེས་གཏན་ལ་ཕབ་ཡོད། དེ་ལས་གཞན་ད་དུང་སློབ་མའི་རྩོམ་རིག་གི་དགའ་སྣང་སྐྱེད་སྲིང་བྱེད་དགོས་པ་དང་། སློབ་མར་རྩོམ་རིག་གི་ལུས་དང་སྤྱི་ཁོག་ཅི་འདྲ་ཡིན་པ་ཤེས་སུ་འཇུག་དགོས་ལ། འཇར་མན་གྱི་རྩོམ་རིག་བརྩམས་ཆོས་ཀྱི་གསུང་རབ་གང་དག་ཡིན་པ་ཤེས་སུ་འཇུག་དགོས་ཞེས་གཏན་ལ་ཕབ་ཡོད་དོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  སྔོན་གྱི་སུའུ་ལན་ལ་མཚོན་ན། དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་པ་ནས་དགུ་བཅུ་པའི་བར་ལ། སྐད་དང་ཡི་གེ་དང་རྩོམ་རིག་སོ་སོར་བཀར་ནས་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་། ལོ་རིམ་བཞི་པ་ནས་བཅུ་གཅིག་པའི་བར་ལ་རིམ་པ་གསུམ་བྱས་ནས་རྩོམ་རིག་སློབ་གསོ་བྱེད་ཀྱིན་ཡོད་དེ། མེས་རྒྱལ་གྱི་སྐད་ཆ-མེས་རྒྱལ་གྱི་རྩོམ་རིག-ཨུ་རུ་སུའི་རྩོམ་རིག་དང་སུའུ་ལེན་གྱི་དེང་རབས་རྩོམ་རིག་བཅས་སོ། །དེ་ལ་ཡང་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་ལོ་རྒྱུས་ཀྱི་ཤེས་བྱ་ཁྲིད་དེ་རྩོམ་མཁན་དང་བརྩམས་ཆོས་ལ་རོལ་མྱོང་དང་དཔྱད་བརྗོད་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་ཀྱིན་ཡོད། རྩོམ་རིག་སློབ་གསོ་བྱེད་པའི་ཐད་ནས་བཤད་ན། འཛམ་གླིང་དུ་སྔོན་གྱི་སུའུ་ལེན་ནི་ཆེས་ནན་ཏན་དང་ཆེས་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་ཟེར།dmFཀྲུང་གོ་བོད་ཀྱི་དྲ་བ།

  འཛམ་གླིང་དུ་རྒྱལ་ཁབ་དེ་འདྲ་མང་པོ་ཞིག་གིས་སློབ་མར་རྩོམ་རིག་སློབ་གསོ་བྱེད་པར་མཐོང་ཆེན་བྱེད་ཀྱིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།dmFཀྲུང་གོ་བོད་ཀྱི་དྲ་བ།

  ཨ་མེ་རི་ཁའི་མཁས་པ་ཚོའི་འདོད་ཚུལ་ལྟར་ན། རྩོམ་རིག་བརྩམས་ཆོས་ཀློག་པ་དང་ཞིབ་འཇུག་བྱས་ན་སློབ་མའི་མཐོང་རྒྱ་བསྐྱེད་ཐུབ་ཅིང་། ཁོ་ཚོ་བརྩམས་ཆོས་ཁྲོད་ཀྱི་ས་ཆ་དང་མི་སྣ་དང་དོན་དག་དེ་དག་ལ་དངོས་སུ་འཕྲད་པ་ལྟར་མྱོང་རྒྱུས་ཟབ་མོ་ལེན་ཐུབ་པ་མ་ཟད། ཁོ་ཚོའི་ཉིན་རྒྱུན་གྱི་འཚོ་བའི་དགའ་སྣང་དང་འཚོལ་ཞིབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཐུབ་ཅིང་། དེ་ལ་བརྟེན་ནས་སློབ་མའི་འཚོ་བ་ལ་ཐུན་མོང་མ་ཡིན་པའི་གནམ་ས་ཞིག་འབྱུང་བ་ཡིན། སློབ་མས་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ནས་མིའི་རིགས་རང་སྟེང་གི་ཀུན་སློང་དང་འགལ་བ། རིན་ཐང་བཅས་རྟོགས་དགོས་སོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  འཇར་མན་གྱི་མཁས་པ་ཚོའི་འདོད་ཚུལ་ལྟར་ན། སློབ་མས་རྩོམ་རིག་ནི་མིས་རང་གི་དགའ་སྐྱོ་ཆགས་སྡང་མཚོན་པའི་ཐོན་རྫས་ཤིག་ཡིན་པ་དང་། མཛེས་ཚོར་གྱི་རེ་བ་ཚིམ་པར་བྱེད་པའི་ཐབས་ཤིག་ཡིན་པ། དངོས་ཡོད་འཚོ་བ་ཚུར་སྣང་བྱེད་པའི་མེ་ལོང་ཡིན་པ་བཅས་ཀྱི་ནུས་པ་ངོ་མཚར་ཅན་རྟོགས་དགོས་པ་དང་། གནའ་རབས་དང་དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས་ལ་སློབ་སྦྱོང་དང་དབྱེ་ཞིབ་བྱས་པ་བརྒྱུད་ནས། རང་གི་སྐད་དང་ཡི་གེ་བཀོལ་བའི་ནུས་པ་ཇེ་ཆེར་གཏོང་དགོས། རྩོམ་རིག་གིས"སྤྱི་ཚོགས་ཀྱི་རྨང་གཞི་དང་མཛེས་རིག་གི་མཚོན་སྟངས། མཚན་ཉིད་རིག་པའི་གཞུང་ལུགས་བཅས་ཀྱི་འཆར་འགོད་ཀྱི་ཐད་ནས་ང་ཚོའི་རིག་གནས་ཀྱི་སྐད་བརྡའི་ཁྱབ་ཁོངས་ཀྱི་རྒྱ་བསྐྱེད་ཐུབ་བོ། །"dmFཀྲུང་གོ་བོད་ཀྱི་དྲ་བ།

  སུའུ་ལན་གྱི་མཁས་པ་ཚོའི་འདོད་ཚུལ་ལྟར་ན། "རིག་རྩལ་གྱིས་སློབ་མར་ཆེས་ཟབ་པའི་མཛེས་པའི་རོལ་མྱོང་སྟེར་ཐུབ་ལ། སློབ་མའི་སྒྱུ་རྩལ་གྱི་དགའ་སྣང་དང་གསར་རྩོམ་གྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ། (ཁེ་ལོ་ཧྥུའི་གསུང)སློབ་ཁྲིད་རྩ་འཛིན་གྱི་ནང་དུ་གཏན་འབེབ་བྱས་ཡོད་པ་ནི། "རིག་རྩལ་བརྩམས་ཆོས་ནི་འཚོ་བར་ངོས་འཛིན་བྱེད་པའི་འབྱུང་ཁུངས་ཡིན་ལ། སློབ་མར་བསམ་བློའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་གཏོང་བ་དང་། སློབ་མའི་འཇིག་རྟེན་ལྟ་ཚུལ་དང་གཤིས་རྒྱུད་ཆགས་པར་བྱེད་པའི་བྱེད་ཐབས་ཆེས་གལ་ཆེན་ཞིག་ཡིན།" སློབ་ཁྲིད་རྩ་འཛིན་གྱི་ནང་དུ་གཏན་འབེབ་བྱས་པའི་རྩོམ་རིག་སློབ་གསོའི་དམིགས་ཡུལ་ནི། "སློབ་མར་ཨུ་རུ་སུའི་གནའ་རབས་ཀྱི་རྩོམ་རིག་དང་སུའུ་ལན་གྱི་རྩོམ་རིག ཕྱི་རྒྱལ་གྱི་རྩོམ་རིག་བཅས་ཀྱི་ཐད་ཀྱི་ཤེས་བྱ་འཐོབ་པར་བྱས་ཏེ། སྐད་ཆའི་སྒྱུ་རྩལ་དང་རྩོམ་རིག་གི་སྣང་བརྙན། སྤྱི་ཚོགས་ཀྱི་འབྲེལ་བར་ངོས་འཛིན་བྱེད་པའི་ནུས་པ་བཅས་སྐྱེད་སྲིང་བྱེད་དགོས་པ་དང་། སློབ་མས་སྐད་དང་ཡི་གེ་བཀོལ་བའི་ནུས་པ་གོང་འཕེལ་དང་། རང་རྟོགས་ཀྱིས་བརྩམས་ཆོས་བཀླག་པའི་ཐབས་ཇེ་ལེགས་སུ་གཏོང་དགོས་ལ། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་མཛེས་རྟོག་གི་ནུས་པ་སྐྱེད་སྲིང་བྱེད་ཐུབ་དགོས།"dmFཀྲུང་གོ་བོད་ཀྱི་དྲ་བ།

  མཁས་པ་རྣམས་ཀྱིས་རྩོམ་རིག་སློབ་གསོ་ལ་འདི་ལྟར་མཐོང་ཆེན་བྱེད་དོན་ནི། ཁོང་རྣམ་པས་རྩོམ་རིག་གི་རིན་ཐང་སྟེ། ངོས་འཛིན་དང་མཛེས་རྟོག སློབ་གསོ་བཅས་ཀྱི་དགེ་མཚན་ཤེས་ཡོད་པས་རེད། རྩོམ་རིག་སློབ་གསོ་བྱས་ན། སློབ་མས་སྤྱི་ཚོགས་འཚོ་བར་ངོས་འཛིན་བྱེད་ཐུབ་པ་དང་། རིག་གནས་ཀྱི་རིན་ཐང་ལྟ་ཚུལ་དང་དུ་ལེན་ཐུབ་པ། མི་རིགས་ཀྱི་མཛངས་མི་དང་མི་རིགས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་ཐུབ་པ། རང་བྱུང་ཁམས་དང་འཚོ་བ། སྒྱུ་རྩལ་བཅས་ལ་མཛེས་རྟོག་བྱས་ཏེ། མཛེས་རྟོག་གི་ནུས་པ་དང་མཛེས་རྟོག་གི་ཚོར་འདུ་སྐྱེད་སྲིང་ཐུབ་བྱེད་ཅིང་། བློ་རབ་ཏུ་སྦྱོང་བ་དང་རང་གཤིས་འཕེལ་བར་བྱེད་ཐུབ། འདི་ལྟ་བུའི་ཐུན་མོང་མ་ཡིན་པའི་བསླབ་བྱའི་ཚབ་ནི་ལོ་རྒྱུས་དང་ས་རྒྱུས། ཆབ་སྲིད་སོགས་བསླབ་བྱ་གཞན་དག་གིས་བྱེད་ཐབས་མེད་པ་ཡིན། འཛམ་གླིང་གི་སློབ་གསོའི་རླབས་རྒྱུན་དེ"རིག་གཞུང་ཅན-མི་ཆོས་རིག་གནས་ཅན(ལེཾསྱཻཀྣུ)-རིག་གཞུང་དང་མི་ཆོས་རིག་གནས་ཅན"དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྩོམ་རིག་སློབ་གསོའི་མི་ཆོས་རིག་གནས་ཀྱི་རིན་ཐང་དང་ཡིད་དབང་འཕྲོག་པའི་ཁྱད་ཆོས་བསྡད་ཀྱིན་བསྡད་ཀྱིན་ཇེ་ཆེར་འགྲོ་བཞིན་ཡོད།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་སློབ་གསོའི་རིན་ཐང་།dmFཀྲུང་གོ་བོད་ཀྱི་དྲ་བ།

  སློབ་མའི་བསམ་བློ་དང་བརྩེ་དུང་འཕེལ་རྒྱས་སུ་གཏོང་བར་རྩོམ་རིག་སློབ་གསོ་དགོས་པ་ཡིན། རྩོམ་རིག་ནི་མིའི་རིག་པ་ཡིན་ཏེ། དེས་མི་གཤིས་དང་མི་ཆོས། མིའི་དབང་ཆ་དང་མི་ཚེ་བཅས་མཚོན་པར་མ་ཟད། མིས་རང་བྱུང་ཁམས་ལ་ངོས་འཛིན་བྱས་པའི་ངོས་ཟིན་རང་བརྩེ་དུང་མཚོན་པ་ཡིན། སློབ་མས་མི་ཚེ་དང་རང་བྱུང་ཁམས་ལ་ངོས་འཛིན་བྱེད་པར་རྩོམ་རིག་གིས་གནམ་ས་གསར་བ་ཞིག་གི་སྒོ་ཕྱེ་ཐུབ་པ་ཡིན་ཞིང་། བདེན་པ་དང་བཟང་བ། མཛེས་པ་བཅས་ལ་དཔྱད་མྱོང་བྱེད་པའི་མཛེས་རྟོག་གི་གནས་ཤིག་བཀོད་དེ། བློ་རབ་ཏུ་སྦྱོང་བ་དང་། མི་གཤིས་འཐུས་ཚང་དུ་གཏོང་བའི་སྒྱུ་རྩལ་གྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  སློབ་མའི་བསམ་གཞིག་དང་སྐད་ཆའི་ནུས་པ་གོང་འཕེལ་དུ་གཏོང་བར་རྩོམ་རིག་སློབ་གསོ་དགོས་པ་ཡིན། རྩོམ་རིག་གིས་མངོན་སུམ་རྟོག་པ(ཀྛུཝྲཾསྱུཎྱོ)རྒྱས་པར་བྱེད་པ་དང་། གསར་གཏོད་ཀྱི་འདུ་ཤེས་འདོན་སྤེལ་བྱེད་ཐུབ། རྩོམ་རིག་གི་སྐད་ཆ་ནི་གསོན་ཉམས་དང་གཟུགས་སྣང་ལྡན་པ། བརྗོད་སྟོབས་དང་ཤན་སྟོབས་ལྡན་པ་ཞིག་རེད། སློབ་མས་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་མངོན་སུམ་རྟོག་པ་དང་སྒྱུ་རྩལ་གྱི་སྐད་ཆའི་འཚོ་བཅུད་གཞིབ་པའི་ཚེ་ན། ད་གཟོད་བསམ་གཞིག་དང་སྐད་ཆའི་ནུས་པ་འཕེལ་རྒྱས་བཟང་བོ་འགྲོ་བ་རེད།dmFཀྲུང་གོ་བོད་ཀྱི་དྲ་བ།

  སྐད་ཡིག་རིག་གཞུང་རང་གི་འཕེལ་རྒྱས་ལ་ངེས་པར་དུ་རྩོམ་རིག་སློབ་གསོ་དགོས་པ་ཡིན། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ཚང་མས་ཕ་སྐད་ཀྱི་སློབ་གསོ་བྱེད་པར་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་འདེམ་བཀོད་བྱས་མེད་པ་གཅིག་ཀྱང་མེད་ཟེར། ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་ནི་དོན་བཟང་བ་དང་འབྲུ་བཟང་བའི་ལེགས་བཤད་ཅིག་ཡིན་པ་མ་ཟད། རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་ཕལ་ཆེར་ནི་ཚད་ལྡན་གྱི་སྐད་ཆ་དང་། སྙན་འཇེབས་ཀྱི་སྐད་ཆ་ཡིན་པས། ཆེས་བཟང་བའི་ཕ་སྐད་སློབ་གསོའི་རྩོམ་དཔེ་ཡིན། དེང་སང་གི་རྒྱལ་ཁབ་ཕྱི་ནང་གི་སྐད་ཡིག་སློབ་དེབ་ནང་གི་སློབ་ཚན་མང་ཆེ་བ་ནི་རྩོམ་རིག་བརྩམས་ཆོས་ཡིན་ཟེར་རོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་གིས་ཚེ་གང་བོར་སློབ་སྦྱོང་བྱེད་པའི་གོམས་གཤིས་སྐྱེད་སྲིང་བྱེད་ཐུབ། །རྩོམ་རིག་བརྩམས་ཆོས་ཀྱི་ནང་གི་བརྗོད་བྱ་དང་གཏམ་རྒྱུད། མི་སྣ། བྱུང་རིམ། སྐད་ཆ་སོགས་ཀྱིས་ཡིད་དྲངས་ནས་བཀླག་འདོད་ཀྱི་ཀུན་སློང་གནོན་མི་ནུས་པ་སྐྱེས་སུ་འཇུག་ཐུབ་པ་དང་། རྩོམ་རིག་བརྩམས་ཆོས་མང་པོ་བཀླགས་པ་བརྒྱུད་ནས་རང་ལའང་བརྩམས་ཆོས་ཁྲོད་ཀྱི་འཚོ་བ་དེ་འདྲ་བྱུང་བའམ་མྱོང་ཚོར་དེ་འདྲ་ཡོད་པ་དང་། དེ་བརྗོད་འདོད་ཀྱི་ཀུན་སློང་རྒྱུད་ལ་སྐྱེས་ཏེ། རྩོམ་ཡིག་བྲིས་པ་དང་། རྩོམ་ཡིག་བྲིས་པ་བརྒྱུད་ནས་སྐད་ཡིག་ལ་མཁས་པར་འགྱུར་ཞིང་། རྩོམ་མཁན་དུ་གྱུར་ནས་མི་ཚེ་གང་བོར་རྩོམ་ཡིག་འབྲི་མཁན་དང་མི་ཚེ་གང་བོར་སློབ་སྦྱོང་བྱེད་མཁན་དུ་འགྱུར་བ་ཡིན། སྙན་ངག་པ་དང་རྩོམ་མཁན་ནི་རྩོམ་ཡིག་བྲིས་ནས་བྱུང་བ་ཡིན་ཞིང་། མི་ཚེ་གང་བོར་སློབ་སྦྱོང་བྱེད་མཁན་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་སློབ་གསོ་དེས་སྐད་ཡིག་བསླབ་བྱ་ལ་ཐོན་པའི་རིན་ཐང་ཐད་ནས་བཤད་ན། རྩོམ་རིག་སློབ་གསོ་དེས་སློབ་མའི་འཚོ་བ་ལ་ངོས་འཛིན་བྱེད་པའི་རིག་པ་དང་མཛེས་རྟོག་གི་དགའ་སྣང་སྐྱེད་སྲིང་བྱེད་པ། རང་གཤིས་བསྐྱེད་པ། མི་གཤིས་འཛོམ་པར་བྱེད་པ་བཅས་ལ་ཕན་ཐོགས་ཆེན་པོ་ཐོན་པ་ཡིན་ལ། སྐད་ཡིག་གི་ལག་ཆའི་རང་བཞིན་དང་རིག་གནས་རང་བཞིན་མཚོན་པར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། རྩོམ་རིག་སློབ་གསོ་ནི་སྐད་ཡིག་རིག་གཞུང་ལ་མ་གཞི་ནས་ཡོད་པའི་གྲུབ་ཆ་ཞིག་ཡིན་ལ། རྩོམ་རིག་སློབ་གསོ་དོར་བའི་སྐད་ཡིག་སློབ་གསོ་ནི་འཐུས་སྒོ་ཚང་བའི་སྐད་ཡིག་སློབ་གསོ་ཞིག་མ་ཡིན་ནོ། །dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་གིས་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན་ཐད་ནས་བཤད་ན། རྩོམ་རིག་གིས་མིའི་བློ་སྒོ་ཕྱེ་བ་དང་། མི་ལ་སྙིང་སྟོབས་དང་སྟོབས་ཤུགས་རྒྱས་སུ་འཇུག་ཐུབ་ཅིང་། སྤྱི་ཚོགས་ལ་འཕོ་འགྱུར་འབྱུང་བ་དང་མི་རིགས་མདུན་དུ་བསྐྱོད་པར་སྐུལ་མ་བྱེད་ཐུབ། དཔེར་ན། ལུའུ་ཞུན་དང་ཀོ་མོ་རོ་རྣམ་གཉིས་ལ་མཚོན་ན། ཁོང་རྣམ་གཉིས་གཞོན་ནུའི་དུས་སུ་ཉི་ཧོང་དུ་སློབ་གཉེར་ལ་ཕེབས་ནས་གསོ་བ་རིག་པ་སྦྱངས་པ་དང་། གསོ་བ་རིག་པ་ལ་བརྟེན་ནས་སྡུག་བསྔལ་གྱི་མེ་འོབས་སུ་ལྷུང་བའི་ཀྲུང་གོའི་མི་དམངས་བསྐྱབ་བསམས་པ་ཡིན། ཡིན་ནའང་། རྗེས་སུ་གསོ་རིག་ལ་བརྟེན་ནས་ཀྲུང་གོའི་མི་དམངས་བསྐྱབ་ཐབས་མེད་པ་ཤེས་ནས། གསོ་རིག་དོར་ནས་རྩོམ་རིག་དོན་དུ་གཉེར་བ་རེད། དེ་ནི་ཁོང་རྣམ་པ་གཉིས་ཀྱིས་རྩོམ་རིག་གིས་ད་གཟོད་ཀྲུང་གོའི་མི་རྨོངས་པའི་གཉིད་ལས་སད་དུ་འཇུག་ཐུབ་པ་ཤེས་པས་ཡིན་ལ། ཁོང་རྣམ་གཉིས་ཀྱིས་རྩོམ་རིག་ལ་བརྟེན་ནས་ཀྲུང་གོའི་མི་རྨོངས་པའི་གཉིད་ལས་བསླངས་པ་རེད། བོད་ལ་མཚོན་ན་ཡང་། ད་ལྟ་མི་མང་པོ་ཞིག་གིས་མི་རིགས་ཀྱི་ལས་དབང་ལ་བསམ་བློ་གཏོང་ཤེས་ཀྱིན་ཡོད་པ་ནི། རྩོམ་རིག་གིས་ཁོ་ཚོའི་བློ་སྒོ་ཕྱེ་བ་ཡིན་ཏེ། རྩོམ་རིག་གིས་ཁོ་ཚོར་སྤྱི་ཚོགས་དང་མི་རིགས་ཀྱི་ལས་དོན་ཁུར་དུ་ལེན་པའི་སྙིང་སྟོབས་དང་སྤོབས་པ་སྐྱེས་སུ་བཅུག་པས་ཡིན། འདིའི་ཕྱོགས་ནས་དོན་གྲུབ་རྒྱལ་ནི་སྔོན་བྱོན་པ་ཡིན། ཁོང་གིས་རྩོམ་རིག་ལ་བརྟེན་ནས་དུས་རབས་གསར་བའི་བོད་ཀྱི་གཞོན་ནུ་ཁྲི་སྟོང་མང་པོའི་མི་རིགས་ཀྱི་ལས་དབང་ལ་བསམ་བློ་གཏོང་བའི་བློ་སྒོ་ཕྱེ་བ་དང་། ཁོ་ཚོར་མདུན་སྐྱོད་ཀྱི་སྤོབས་པ་བསྩལ་བ་ཡིན། དེའི་ཕྱིར། རྩོམ་རིག་གི་ཤན་སྟོབས་ནི་ཆེས་ལེགས་པའི་བསམ་བློའི་སློབ་གསོའི་ལག་ཆ་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་སློབ་གསོའི་ནང་དོན་དང་འཆར་འགོད།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་ནི་སྐད་ཡིག་སློབ་གསོའི་ནང་དོན་གཙོ་བོའམ་གལ་ཆེན་ཞིག་ཡིན་ལ། སྐད་ཡིག་རིག་གཞུང་གི་ཆོས་ཉིད་གཞིར་བཟུང་ནས་སློབ་གསོ་བྱེད་པ་ཡིན་ན། སྐད་ཡིག་གི་ནང་དུ་ངེས་པར་དུ་རྩོམ་རིག་འདུ་དགོས་པ་ཡིན། འདས་པའི་ལོ་མང་པོའི་རིང་ལ། བསམ་བློ་རྙིང་བའི་སྒྲོག་གིས་བཅིངས་པ། རྩོམ་རིག་སློབ་གསོའི་རིན་ཐང་མ་ཤེས་པ་བཅས་ཀྱི་དབང་གིས། བོད་ཀྱི་སྐད་ཡིག་སློབ་གསོའི་ཁྲོད་དུ་རྩོམ་རིག་སློབ་གསོ་ལ་དོ་སྣང་གཏན་ནས་བྱས་མེད་པ་དང་། རྩོམ་རིག་དེ་རྩོམ་རིག་གི་ངོ་བོ་དང་ཁྱད་ཆོས་གཞིར་བཟུང་ནས་སློབ་གསོ་བྱེད་ཐུབ་མེད་པ་རེད།dmFཀྲུང་གོ་བོད་ཀྱི་དྲ་བ།

  འཛམ་གླིང་གི་ཕ་སྐད་སློབ་གསོའི་གནས་ཚུལ་དང་། སློབ་མའི་མདུན་ལམ་ལ་བལྟས་ན། སློབ་ཆུང་དང་སྐད་ཡིག་སློབ་གསོ་ནི་སྣ་འཛོམ་ཞིག་ཡིན་དགོས། དེའི་རྒྱུ་མཚན་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་སྐད་དང་ཡི་གེ་བཀོལ་ནས་འབྲེལ་འདྲིས་དང་བསམ་གཞིག་བྱེད་དགོས་ཤིང་། རྩོམ་ཡིག་བཀླག་པ་དང་འབྲི་བ་དང་། རྩོམ་རིག་བརྩམས་ཆོས་ལ་འབྲེལ་འདྲིས་བྱས་ཏེ་དཔྱད་མྱོང་བྱེད་དགོས་པའི་རྐྱེན་གྱིས་ཡིན་ལ། སྤྱི་ཚོགས་ཀྱིས་ཀྱང་སློབ་གྲྭ་ཆུང་འབྲིང་གི་སློབ་མར་རིམ་བཞིན་དུ་སྐད་ཆའི་འབྲེལ་འདྲིས་བྱེད་པའི་ནུས་པ་དང་རྩོམ་ཡིག་འབྲི་ཀློག་གི་ནུས་པ། རྩོམ་རིག་དཔྱད་མྱོང་གི་ནུས་པ་བཅས་ལྡན་དགོས་པའི་རེ་བ་འདོན་གྱིན་ཡོད་པ་མ་ཟད། སློབ་མས་སྐད་ཡིག་སློབ་སྦྱོང་བྱེད་པའི་ཁྲོད་ནས་མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་གཤིས་རྒྱུད་སློབ་སྦྱོང་བྱེད་དགོས་པ་དང་། སྤྱི་ཚོགས་དང་མི་དང་རང་བྱུང་ཁམས་ལ་ངོས་འཛིན་བྱེད་དགོས་པ་རེད། འདི་ནི་ཡུལ་དངོས་ཡོད་ཀྱི་གནས་ཚུལ་དང་ཡུལ་ཅན་སློབ་མའི་དགོས་དབང་གིས་ཐག་བཅད་པ་ཞིག་ཡིན་པ་ལས། རང་གིས་འདོད་པ་ལྟར་གང་དགར་བསྒྱུར་ཆོག་པ་ཞིག་མིན། འདི་ནི་གནད་དོན་གྱི་ངོས་ཟིན་ནས་ལག་ལེན་དུ་བསྟར་ཐུབ་མིན་ལ་རག་ལས་ཤིང་། ཇི་ལྟར་སློབ་པའི་རིམ་པ་མི་འདྲ་བ་ལ་བསླབ་བྱ་དང་། གནད་ས་བཀོད་སྒྲིག་བྱས་ཏེ། ཇི་ལྟར་ཕན་ཐོགས་ཆེ་བའི་སྒོ་ནས་སློབ་ཁྲིད་ཀྱི་དམིགས་ཚད་ལ་སློབ་པར་བྱེད་རྒྱུ་དེ་ཡིན།dmFཀྲུང་གོ་བོད་ཀྱི་དྲ་བ།

  དེའི་ཕྱིར། l999ལོར་གསར་དུ་བཟོ་བཅོས་བྱས་པའི་དམའ་འབྲིང་དང་མཐོ་འབྲིང་གི་སྐད་ཡིག་སློབ་ཁྲིད་རྩ་འཛིན་གྱི་ནང་དུ་ངེས་པར་དུ་རྩོམ་རིག་སློབ་གསོ་བྱེད་དགོས་པའི་གཏན་ཁེལ་བྱས་ཡོད་དེ། དམའ་འབྲིང་གི་སྐད་ཡིག་སློབ་ཁྲིད་རྩ་འཛིན་གྱི་ནང་དུ། "རྩོམ་རིག་བརྩམས་ཆོས་ལ་རོལ་མྱོང་བྱེད་པར་སློབ་སྦྱོང་བྱས་ཏེ། བརྩམས་ཆོས་ཁྲོད་ཀྱི་སྣང་བརྙན་ལ་མྱོང་ཚོར་རགས་ཙམ་ཡོད་དགོས་པ་དང་། སློབ་ཚན་ནང་གི་མཛེས་ཤིང་རྣ་བར་སྙན་པའི་ཚིག་སྦྱོར་ལ་རོལ་མྱོང་བྱེད་ཐུབ་དགོས།" ཞེས་གཏན་ཁེལ་བྱས་ཡོད། མཐོ་རིམ་སྐད་ཡིག་སློབ་ཁྲིད་རྩ་འཛིན་གྱི་ནང་དུ། "(1)རྩོམ་རིག་གི་སྣང་བརྙན་ལ་མྱོང་ཚོར་ཡོང་བ་བྱས་ཏེ། རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་དང་སྒྱུ་རྩལ་གྱི་མཚོན་ཐབས་ཉམས་སུ་མྱངས་ནས། རྩོམ་རིག་བརྩམས་ཆོས་ལ་རོལ་མྱོང་རགས་ཙམ་བྱེད་ཐུབ་དགོས། (2)དུས་རབས་རིམ་བྱུང་གི་སྙན་ངག་དང་རྩོམ་ཡིག་ཀློག་ཐུབ་ཅིང་། ཚིག་གི་དོན་དང་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་གོ་བ་ལོན་དགོས་པ་དང་། རྩོམ་གྲགས་ཆེན་ངེས་ཅན་ཞིག་བློར་འཛིན་དགོས། (3)དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས་ལ་དཔྱད་བརྗོད་རགས་ཙམ་བྱེད་ཐུབ་དགོས། (4)སློབ་ཚན་དང་འབྲེལ་བ་ཡོད་པའི་རྩོམ་པ་པོ་གལ་ཆེན་དང་བརྩམས་ཆོས་གཙོ་བོ་དག་ལ་རྒྱུས་ལོན་བྱེད་ཐུབ་དགོས།" ཞེས་གཏན་ལ་ཕབ་ཡོད་པ་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་ཀྱི་ནང་དོན་དང་དམིགས་ཚད་གཏན་ཁེལ་བྱེད་དགོས།dmFཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་རིག་སློབ་གསོའི་ནང་དོན་ནི།dmFཀྲུང་གོ་བོད་ཀྱི་དྲ་བ།

  1.རྩོམ་རིག་བརྩམས་ཆོས་ཀྱི་ཐད་ནས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་དང་། རྒྱའི་དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས། ཕྱི་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་བཅས་བཀོད་སྒྲིག་བྱེད་དགོས། 2.རྩོམ་རིག་གི་ལུས་ཀྱི་ཐད་ནས། སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། ཟློས་གར། ལེགས་བཤད། མགུར་གླུ། རྟོགས་བརྗོད། རྣམ་ཐར་བཅས་བཀོད་སྒྲིག་བྱེད་དགོས། 3.རྩོམ་རིག་ལོ་རྒྱུས་ཀྱི་ཐད་ནས། བོད་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་མཁན་དང་བརྩམས་ཆོས་གཙོ་བོའི་ཕྱོགས་ཀྱི་འབྲེལ་ཡོད་ཤེས་བྱ་བཀོད་སྒྲིག་བྱེད་དགོས། 4.རྩོམ་རིག་དཔྱད་མྱོང་གི་ཐད་ནས་གཤམ་གསལ་གྱི་ཤེས་བྱ་བཀོད་སྒྲིག་བྱེད་དགོས། (1)རྩོམ་རིག་དང་སྤྱི་ཚོགས་འཚོ་བ། འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ། རྩོམ་རིག་དང་མངོན་སུམ་རྟོག་པ་བཅས་ཕྱོགས་ཀྱི་ཤེས་བྱ། (2)མཛེས་རྟོག་གི་ཚོར་འདུ་དང་མཛེས་རྟོག་གི་དགའ་སྣང་། མཛེས་རྟོག་གི་ནུས་པ་བཅས་སྐྱེད་སྲིང་བྱེད་པའི་ཕྱོགས་ཀྱི་ཤེས་བྱ། (3)བརྗོད་བྱའི་བསྟན་དོན་དང་མི་སྣ། སྣང་བརྙན། ཡིད་བརྙན།(གྐཝྲཾ) ཡིད་ཡུལ། སྒྱུ་རྩལ་གྱི་བློས་བསླང་། རྩོམ་རིག་གི་སྐད་ཆ་བཅས་ཕྱོགས་ཀྱི་ཤེས་བྱ།dmFཀྲུང་གོ་བོད་ཀྱི་དྲ་བ།

  2000ལོ་ནས་འགོ་བརྩམས་ཏེ།གསར་དུ་བསྒྲིགས་པའི་ལྗོངས་ཞིང་ལྔའི་སྐད་ཡིག་སློབ་དེབ་ནང་དུ་སློབ་ཁྲིད་རྩ་འཛིན་གྱི་ནང་དུ་གཏན་ལ་ཕབ་པའི་སློབ་ཁྲིད་ཀྱི་ནང་དོན་དང་དམིགས་ཚད་ནན་ཏན་གྱིས་ལག་བསྟར་བྱས་ཡོད་པ་དང་། བོད་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་མང་པོ་བཀོད་དེ། རྩོམ་རིག་སློབ་གསོ་བྱེད་པར་དོ་སྣང་དང་མཐོང་ཆེན་བྱས་ཡོད། དམའ་འབྲིང་གི་སློབ་དེབ་ནང་དུ་བོད་ཀྱི་རྩོམ་ཕུལ་བྱུང་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་གྲགས་ཆེན་འོས་འཚམ་ཞིག་བཀོད་སྒྲིག་བྱས་ཏེ། སློབ་མར་ཐོག་མར་རྩོམ་རིག་ལ་འབྲེལ་འདྲིས་བྱེད་དུ་བཅུག་ནས། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་བརྗོད་བྱའི་བསྟན་དོན་དང་མི་སྣ། བྱུང་རིམ། སྐད་ཆ་བཅས་ལ་ངོས་འཛིན་དང་རྒྱུས་ལོན་རགས་ཙམ་བྱེད་པའི་ནུས་པ་ལྡན་པར་བྱས་ཡོད། མཐོ་འབྲིང་གི་སྐད་ཡིག་སློབ་དེབ་ནང་དུ་རྩོམ་རིག་བརྩམས་ཆོས་གང་འཚམ་ཞིག་བཀོད་ཡོད་པ་དང་། དེ་ཡང་རྩོམ་རིག་གི་ལུས་ཀྱི་དབྱེ་བ་ལྟར་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག ཟློས་གར་བཅས་སོ་སོར་དབྱེ་བ་བཀར་ནས་སྡེ་ཚན་རེ་བྱས་ནས་བཀོད་སྒྲིག་བྱས་ཡོད། དམའ་འབྲིང་གི་སློབ་དེབ་དང་བསྡུར་ན་རྩོམ་རིག་བརྩམས་ཆོས་མང་དུ་བཀོད་དེ། རྩོམ་རིག་སློབ་གསོ་བྱེད་པར་ཤུགས་སྣོན་བྱས་ཡོད། སློབ་མར་རྩོམ་ཡིག་འདི་དག་ལ་སློབ་སྦྱོར་བྱེད་དུ་བཅུག་པ་བརྒྱུད་ནས། རྩོམ་རིག་གི་སྐད་དང་ཡི་གེའི་དོན་ལ་གོ་བ་ལེན་པའི་ནུས་པ་དང་འཆར་ཡན་གྱི་ནུས་པ། རྩོམ་རིག་དཔྱད་མྱོང་གི་ནུས་པ། མཛེས་རྟོག་གི་དགའ་སྣང་དང་མཛེས་རྟོག་གི་ནུས་པ་ལ་སོགས་པ་སྐྱེད་སྲིང་བྱེད་དགོས་པ་མ་ཟད། བོད་ཀྱི་སྐད་དང་ཡི་གེ་དང་རིག་གནས་ལ་དགའ་བ་དང་། མི་རིགས་གཞན་དང་ཕྱི་རྒྱལ་གྱི་ཕུལ་བྱུང་རིག་གནས་ལ་དགའ་བའི་འདུན་པ་སྐྱེད་སྲིང་བྱས་ཏེ། རིག་གནས་ཀྱི་ཡོན་ཚད་ཇེ་མཐོར་གཏོང་དགོས།  །dmFཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།