ཀྲུང་གོ་བོད་ཀྱི་དྲ་བ།

སྐུ་འབུམ་བྱམས་པ་གླིང་གི་དགུ་གཏོར་ཆེན་མོ་དང་འབྲེལ་བའི་གཏམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་སྐལ་བཟང་བརྩོན་འགྲུས།   སྤེལ་དུས། : 2017-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b227ba53239b55609a0e15719e86081c.jpg

13208c0875f1fb90f7ef239ce251ab45.jpg

གཅིག

དེ་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ཁམས་ལི་ཐང་དུ་ཕྱི་ལོ1708ལོར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་རྟགས་དང་མཚན་མ་སྣ་ཚོགས་བྱུང་བ་དང་། ལྷག་པར་ལི་ཐང་ཆོས་སྐྱོང་གིས་རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཡང་སྤྲུལ་ཡིན་པར་ལུང་བསྟན་པས་བོད་འབངས་ཀུན་གྱིས་གཅིག་མཐུན་གྱིས་ཁས་ལེན་དང་དད་གུས་ཐོབ། དགུང་ལོ་བདུན་བཞེས་དུས་སྐབས་དེའི་བོད་ཀྱི་ཆབ་སྲིད་དབང་འཛིན་པ་ལྷ་བཟང་ཧན་གྱིས་ཁམས་ལི་ཐང་ཕྱོགས་སུ་ཉུལ་མ་བཏང་ནས་བཙལ་ཞིབ་བྱས་པས། སྡེ་དགེ་རྒྱལ་བོ་བསྟན་པ་ཚེ་རིང་སོགས་བོད་ཀྱི་ཡུལ་དཔོན་དག་གིས་སྡེ་དགེ་ཕྱོགས་སུ་གདན་དྲངས། དེ་ནས་རིམ་གྱིས་མཚོ་སྔོན་ཕྱོགས་ཀྱི་བོད་སོག་གི་དཔོན་པོ་མང་པོས་སྐུ་འབུམ་བྱམས་པ་གླིང་དུ་གདན་དྲངས་པ་བཞིན་ཕེབས་ཏེ། ཕྱི་ལོ1716ལོར་སྐུ་འབུམ་བྱམས་པ་གླིང་གི་རྗེ་གསེར་སྡོང་ཆེན་མོའི་ཡང་སྟེང་དུ་ཡོངས་འཛིན་དམ་པ་ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་། ལོ་ལྔའི་རིང་སྐུ་འབུམ་བྱམས་པ་གླིང་དུ་གསན་བསམ་མཛད་དེ་རྗེས་སུ་བསྡུས་གྲྭའི་དམ་བཅའ་ཡང་བཞག   ཕྱི་ལོ1720ལོར་པེ་ཅིན་ནས་མངགས་པའི་མན་ཇི་གོང་མའི་སྲས་ཙང་ཇུན་ཝང་དང་། མཚོ་སྔོན་གྱི་ཡུལ་དཔོན་ཆིན་ཝང་བློ་བཟང་བསྟན་འཛིན་སོགས་བོད་རྒྱ་སོག་གསུམ་གྱི་དཔོན་རིགས་ཞི་དྲག་གྲངས་མེད་བཅས་ཀྱིས་ཕེབས་སྐྱེལ་མཛད་དེ་བོད་དབུས་གཙང་ཕྱོགས་སུ་ཆིབས་བསྒྱུར་གནང་། ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་ནང7གོང་ས་རྒྱལ་དབང་སྐུ་ཕྲེང་གོང་མ་དག་གི་གསེར་ཁྲི་ཆེན་པོར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་བསྡུས།

db6b42404c16140959504e38a160f2d7.jpg 

ཕོ་བྲང་པོ་ཏཱ་ལའི་ཚོམས་ཆེན་དུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཁྲི་སྟོན་གྱི་མཛད་སྒོའི་སྐབས། བོད་དབུས་དང་མན་ཇི་གོང་མའི་དཔོན་རིགས་རྣམས་མདུན་གྲལ་དུ་བསྡད་ནས་བཀུར་གཟོས་མཐོ་བ་དང་། མཚོ་སྔོན་ཕྱོགས་ཀྱི་བོད་སོག་གི་དཔོན་རིགས་རྣམས་ཀྱིས་རྒྱལ་དབང་མཆོག་འབད་པ་ལྷུར་ལེན་གྱིས་སྐུ་འབུམ་དང་དབུས་སུ་གདན་དྲངས་བའི་མཛད་རྗེས་ཆེ་ཡང་ཁྲི་སྟོན་གྱི་རྒྱབ་གྲལ་དུ་བཞག་སྟེ་མགྲོན་བརྩི་བསྙེན་བཀུར་ཆུང་བ་དང་། གཞན་ཇུན་གུར་བའི་ཕྱོགས་གཏོགས་ཀྱི་སོག་པོའི་གྲྭ་བ་མང་པོ་མན་ཇིས་དཔོན་རིགས་ཀྱིས་ལྷ་སར་ཁྲིམས་ལ་སྦྱར་བ་དང་། མཚོ་སྔོན་གྱི་སོག་པོའི་དཔོན་པོ་ཆིན་ཝང་བློ་བཟང་བསྟན་འཛིན་སྔོན་མའི་ལྷ་བཟང་ཧན་གྱི་གོ་སར་འཇོག་པའི་རེ་བ་མ་འགྲུབ་པ་སོགས་རྐྱེན་དུ་མས།  མདོ་སྨད་ཀྱི་སོག་པོ་རྣམས་མན་ཇིའི་སྲིད་གཞུང་ལ་སྡང་སེམས་སྐྱེས་ཏེ་གཅིག་མཐུན་གྱི་སྒོ་ནས་མན་ཇི་གཞུང་ལ་འཁྲུག་པ་བསླང་རྒྱུའི་གྲོས་ཐག་བཅད་ཏེ། ལྷ་སའི་ཇོ་བོའི་མདུན་དུ་ཚིག་དན་མི་འགྱུར་བའི་མནའ་བསྐྱལ་རྗེས་ཕྱིར་མདོ་སྨད་དུ་ལོག 

 གཉིས།

ཕྱི་ལོ1722ལོར་མན་ཇིའི་གོང་མ་ཁྲི་ཐོག་གཉིས་པ་ཁང་ཞིས་སྐུ་གཤེགས་པའི་དུས་དང་བསྟུན་ནས་མཚོ་སྔོན་གྱི་ཡུལ་དཔོན་མང་པོས། སྔོན་ལྷ་སའི་ཇོ་བོའི་མདུན་དུ་མན་ཇི་སྲིད་གཞུང་ལ་ངོ་རྒོལ་གྱི་མནའ་ཚིག་བཞིན། ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་འགོ་འདྲེན་བྱས་འོག་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འདབས་རོལ་གྱི་སོག་པོའི་ཚོ་ཁག་དང་ཨ་མདོ་བྱང་རྒྱུད་ཀྱི་བོད་རིགས་བཅས། བོད་སོག་དཔུང་བ་མཉམ་བསྡེབས་ཀྱིས་ཟི་ལིང་ཕྱོགས་ཀྱི་རྒྱ་གྲོང་མང་པོ་དང་མན་ཇི་སྲིད་གཞུང་གི་མཐའ་སྲུང་དམག་ལ་འཁྲུག་པ་བརྒྱབ་སྟེ་ལོ་རྒྱུས་སྟེང་“མཚོ་སྔོན་དུས་འཁྲུག་”ཟེར་བ་དངོས་སུ་བསླངས། 

ཕྱི་ལོ1723ལོའི་ནང་། གསར་དུ་ཁྲི་ལ་ཁོད་མ་ཐག་པའི་མན་ཇིའི་གོང་མ་ཁྲི་ཐོག་གསུམ་པ་ཡུང་ཀྲང་(雍正)གིས་པེ་ཅིན་ནས་མཚོ་སྔོན་ཕྱོགས་ལ་དམག་དཔུང་འདྲེན་དགོས་ཀྱི་བཙན་པོའི་བཀའ་ལུང་ཕབ་རྗེས། བློན་ཆེན་པོ་ཉན་གུང་ཡེ་(年羹尧)དང་ཡོ་གུང་ཡེ་གཉིས་ཀྱིས་ཧྲག་དམག་འབུམ་ཕྲག་ལ་ཁ་ལོ་བསྒྱུར་ཏེ། མདའ་མོ་ལྟོང་ལས་ཤོར་བ་བཞིན་སྐད་ཅིག་གི་རིང་མདོ་སྨད་ཙོང་ཁ་ས་ཆར་སླེབས་ནས། མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཡོད་པའི་ཆིན་ཝང་བློ་བཟང་བསྟན་འཛིན་དང་ཙོང་ཁ་ས་ཁུལ་གྱི་བོད་སོག་གི་དཔོན་རིགས་མང་པོ་ལ་དམག་འཁྲུག་བརྒྱབ། སྐབས་འདིར་དབུས་ཕྱོགས་ནས་༧རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ནས་དགའ་ལྡན་ཁྲི་བ་དཔལ་ལྡན་གྲགས་པ་དང་མགྲོན་གཉེར་བློ་བཟང་དཀོན་མཆོག་ཆེད་རྫོང་གནང་སྟེ། མཚོ་སྔོན་བོད་སོག་གི་དཔོན་རིགས་དག་གིས་བསམ་ཤེས་ཀྱིས་འཕྲལ་ཕུགས་བདེ་བར་གནས་དགོས་པའི་བཀའ་སློབ་དང་། མན་ཇིའི་གོང་མར་ཡང་དམག་འཁྲུག་མཚམས་འཇོག་དགོས་པའི་ཕྱག་བྲིས་བསྐུར་གནང་མཛད་ཀྱང་ཕན་ཐོགས་མ་བྱུང་།

73835ca2366ac4f899d475bbec22631a.jpg

787560e03f4eadb0b8c9de4afa402e5b.jpg

དུས་དེར། སོག་པོ་ཇིང་གར་གྱི་བུ་རྒྱུད་ཆིན་ཝང་བློ་བཟང་བསྟན་འཛིན་དང་།  མིང་མི་ཐོགས་པའི་བོད་སོག་གི་ཡུལ་དཔོན་དང་སྡེ་དཔོན་མང་པོ་མཉམ་རུབ་དང་དཔུང་བསྡེབས་བྱས་ནས་མན་ཇིའི་དམག་ལ་རྒོལ་ལན་བསློགས་ཀྱང་། མན་ཇི་དང་རྒྱ་རིགས་མཉམ་སྡེབས་ཀྱི་དམག་དཔུང་ནི། སྟག་དྲེད་བཞིན་རྒོད་ལ། སྤྱང་ཚོགས་བཞིན་གྲངས་མང་བས་བོད་སོག་གི་རུ་སྡེ་དང་རི་དཔོན་དག་ནི་དྲག་རླུང་གིས་སྤྲིན་ཕུང་གཏོར་བ་བཞིན། ཐལ་བའི་རྡུལ་དུ་བརླགས་ཏེ་བོད་སོག་མཉམ་འབྲེལ་གྱི་དམག་ལ་ཕམ་ཉེས་བྱུང་། དམག་འཁྲུག་ནང་ཙོང་ཁའི་ཡུལ་དཔོན་སྟོབས་འབྱོར་མངའ་ཐང་ཅན་མི་དབང་ཟི་ན་རྒྱལ་བོ་སྐུ་གྲོངས།  ཟི་ནའི་ས་ཆ་དང་།  མི་སྡེ་བཀའ་ཤོག་ཐམ་ཀ་དང་བཅས་པ་མན་ཇི་གོང་མའི་མཛོད་དུ་བླངས།  སོག་པོ་ཆིན་ཝང་བློ་བཟང་བསྟན་འཛིན་ཇུན་གུར་གྱི་མངའ་ཁོངས་སུ་བྲོས། བྱང་གི་དགོན་ཆེན་བཞིའི་ཡ་གྱལ་གསེར་ཁོག་དགོན་པར་གྲྭ་བ་ཉིས་སྟོང་ལྷག་བཞུགས་པ་དམར་གསོད་དང་འདུ་ཁང་མེ་ལ་བསྲེགས། གཞན་དགོན་ལུང་དགོན་པ་དང་ཆུ་བཟང་དགོན་པ། དཔའ་རིས་དང་སྟོང་སྐོར་སོགས་དམག་འཁྲུག་ལ་ཐེ་ཇུས་ཡོད་པ་དང་། དོགས་པ་ཡོད་པའི་དགོན་སྡེ་དང་དུད་ཁྱིམ་ཁྲི་སྟོང་མང་པོ་བཅོམ་སྲེག་དང་མེད་བརླགས་སུ་བཏང་སྟེ། ཙོང་ཁ་ས་ཁུལ་གྱི་དགོན་པ་དང་སྡེ་ཆེ་ཆུང་ཀུན་ལ་ཆགས་འཇིག་ཆེན་པོ་བྱུང་ངོ་།།

1d86102443bcd343cb2c7fdb51b0818d.jpg

9a7e26577642fba569f18d2e34d8c270.jpg

གསུམ།

ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཡང་མན་ཇིའི་དམག་དཔོན་གཏུམ་དྲག་ཅན་ཉན་གུང་ཡེས་སྣེ་ཁྲིད་པའི་དམག་ཆེན་བསླེབས་ཏེ། དགེ་འདུན་སྟོང་ཕྲག་ཚོགས་ཆེན་འདུ་ཁང་དུ་ཚོགས་ལ་འཚོགས་པའི་ནང་བརྒྱུགས་དུས།  ཚོགས་ཆེན་ཞལ་ངོས་རྒྱ་དམག་ལ་འཇིགས་པ་མེད་པའི་དཔའ་གཏམ་བཤད་པར་དམག་དཔོན་ཞིག་གིས་རལ་གྲི་གཡུག་ཐེངས་གཅིག་གིས་ཉིས་གཤགས་སུ་བཏང་བ་དང་། གྲྭ་བ་མང་པོ་ཚོགས་ཆེན་འདུ་ཁང་དུ་བཅུག་ནས་རྒན་གཞོན་སྟོང་ལ་ཉེ་བའི་སྐེ་བྲེགས།  སྐུ་འབུམ་ཁྲི་ཆེན་ཉི་ཤུ་བ་རྒྱལ་མཁན་པོ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་དོན་གྲུབ་ཁོང་ཐུགས་དཔའ་ཞན་པས་བྱམས་པ་ལུང་པའི་ཕྱོགས་སུ་བྲོས་དུས་དམག་གིས་རྗེས་ཟིན་ནས་བཀྲོངས། ཁྲི་ཟུར་ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་ཟི་ལིང་ཉེ་འཁོར་དུ་བཙན་ཁྲིད་བྱས་ཏེ་དགེ་འདུན་མང་པོ་དང་མཉམ་དུ་གསོན་སྲེག་བྱས།  སྐུ་འབུམ་དགོན་པའི་ཐམས་ཅད་མཁྱེན་པའི་ལྷ་ཁང་དང་གྲྭ་ཤག་མང་པོ་མེ་ལ་བསྲེགས་པ་དང་།  རྟེན་དང་མཆོད་རྫས་མང་པོ་འཕྲོག་སྲེག་དང་ཤུལ་ལུས་ཀྱི་དགེ་འདུན་པ་དང་ལྷ་སྡེ་མི་སྡེ་དག་ལ་གཉའ་གནོན་ཚད་མེད་པ་བྱས། 

དུས་དེར། སྐུ་འབུམ་དགོན་པའི་ཚོགས་ཆེན་དགེ་གཡོག་གཙོ་བྱས་དགེ་འདུན་པ་ལྷག་མ་མང་པོ་ཞིག་གློ་བུར་དུ་འདུ་ཁང་ཕུག་གི་གྱང་ལག་ཅིག་འགྱེལ་བ་ལས་ཕྱིར་བྲོས་ཏེ། སྐུ་འབུམ་བླ་བྲང་རྩེ་རུ་བརྒྱུགས་ནས་ལྷམ་ཀྱང་མ་ཕུད་པར་ཚོགས་འཚོགས། དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་སྒོ་ནས་མགོན་ཆོས་ལྔ་ཡི་བསྐང་གསོ་གསུངས་ཏེ་དགྲ་གེགས་དྲུངས་ནས་འབྱིན་པའི་རིམ་གྲོ་རྨད་དུ་བྱུང་བ་བསྒྲུབས། ལྷག་པར་ཉི་ཤུ་དགུ་ཉིན་སྐུ་འབུམ་གྲྭ་ཚང་བཞི་དང་སྤྱི་སོ་ཆེན་མོ་བཅས་ཀྱིས་དུས་གཅིག་ལ་དགུ་གཏོར་ཆེན་མོ་ལྔ་ཁ་ཤར་དུ་གཏད་དེ་འཕངས། 

དུས་དེ་ནས་བཟུང་། གངས་ལྗོངས་བསྟན་སྲིད་སྤྱི་དང་བྱེ་བྲག་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་ཆེན་པོའི་བསྟན་པ་བསྟན་འཛིན་བསྟན་པའི་སྦྱིན་བདག་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མ་གཟུགས་ཅན་གཟུགས་མེད་ཀྱི་སྡེ་དང་བཅས་བ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཆེད། ལོ་རེའི་བོད་ལོའི་ཉི་ཤུ་གཉིས་ནས་དགུའི་བར་ཏེ་ཉིན་ཞག་བཅུ་བཞིའི་རིང་ལ། སྐུ་འབུམ་གྲྭ་ཚང་བཞི་དང་སྤྱི་སོ་ཆེན་མོ་བཅས་ནས་ཡོངས་གྲགས་ལ་“ཟླ་ཟད་ཆེན་མོ་”རུ་འབོད་པའི་ཆོས་ཐོག་ཚོགས་ཏེ། ཚེས་ཉེར་དགུ་ཉིན་དགུ་གཏོར་ཆེན་མོ་ལྔ་དུས་འཁྲུག་གི་སྐབས་བཞིན། ཁ་ཤར་དུ་གཏད་དེ་གཏོར་རྒྱག་རྒྱ་ཆེན་པོ་བྱེད་པའི་སྲོལ་དར། 

སྲོལ་དེ་དར་ནས་ད་བར་དུ། ལོ་ངོ་ཉིས་བརྒྱ་དགུ་བཅུ་ལྷག་སོང་ཡོད་ལ། ཟླ་ཟད་ཆེན་མོའི་ཆོས་ཐོག་གི་ངོ་བོ་དང་རྣམ་པ་སྔོན་གྱི་དམག་འཁྲུག་ལ་རྗེས་དྲན་མཚོན་བྱེད་དུ། དེང་སྐབས་ཀྱང་དགེ་འདུན་པ་རྣམས་ཀྱིས་ལྷམ་ཡང་མ་ཕུད་པར་བརྒྱུགས་ཏེ་ཚོགས་དགོས་ལ། ཚོགས་ཆེན་ཞལ་ངོ་སྐབས་དེར་དམག་འཁྲུག་ནང་གྲོངས་པས་དགེ་གཡོག་གིས་ཚོགས་ལ་འགོ་བཟུང་བ་བཞིན། དེང་སྐབས་ཀྱང་དགེ་གཡོག་གིས་ཚོགས་ལ་འགོ་བཟུང་སྟེ་ཚོགས་པ་དང་། དུས་འཁྲུག་སྐབས་དགེ་འདུན་པ་མང་དུ་དཀྲོངས་བ་ལ་ཚོགས་ཆེན་དབུ་མཛད་ཐུགས་རབ་ཏུ་སྐྱོ་སྟེ།  ངུ་བཞིན་ངུ་བཞིན་དུ་འདོན་པའི་དབུ་བཟུང་ནས་གསུང་བའི་ངག་རྒྱུན་བཞིན།  དེང་ཡང་འཇིགས་བྱེད་ཀྱི་ཆོ་ག་དང་མགོན་ཆོས་ལྔའི་དབྱངས་སོགས་སྐྱོ་བ་དང་གདུང་བའི་རྣམ་པ། ཅུང་ངུ་སྐད་ཀྱི་གདངས་དབྱངས་ཁྲོད་ནས་གསུང་སྲོལ་ཡོད་ལ། དུས་ད་ལྟ་ཉི་ཤུ་བརྒྱད་ཉིན་ཚོགས་ཆེན་དབུ་མཛད་ཟླ་ཟད་ལ་མི་ཕེབས་པ་ནི་དམག་འཁྲུག་ནང་རྨས་སྐྱོན་བྱུང་སྟབས་ཉི་ཤུ་བརྒྱད་ཉིན་ངལ་གསོས་བར་བཤད།  སྐབས་དེར་འདུ་ཁང་ཕུག་གི་གྱང་ལག་ཅིག་འགྱེལ་བ་ལས་དགེ་འདུན་པ་མང་པོ་ཕྱི་རོལ་ཏུ་འབྲོ་ཐུབ་པ་ནི་ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གིས་བསྡོངས་གྲོགས་མཛད་པར་བཤད་པས།   རྗེས་སུ་འདུ་ཁང་གི་རྩིག་གྱང་འགྱེལ་བའི་ཤུལ་དེར་ཆོས་སྐྱོང་ཆེན་མོ་ལྕམ་སྲིང་གང་གི་ཐུགས་རྗེ་དང་བྱིན་རླབས་མཚོན་བྱེད་དུ་སྐུ་བརྙན་ཞིག་བཞེངས།  གཞན་སྐུ་འབུམ་བྱམས་པ་གླིང་གི་ལྷོ་ཕྱོགས་ཀྱི་གླིང་ལ་རྭ་ཆག་གོང་མ་དང་རྭ་ཆག་ཞོལ་མ་ཞེས་དུས་ད་ལྟའི་བར་འབོད་པ་ཡང་།  དུས་འཁྲུག་ནང་དེ་ཕྱོགས་ཀྱི་གྲྭ་ཤག་མང་པོ་མན་ཇིའི་དམག་གིས་མེ་ལ་བསྲེགས་ཏེ་གྱང་ཆག་དང་ཁང་སྟོང་ཡུན་རིང་དུ་ལུས་པས་མིང་དེ་ལྟར་ཐོགས་པའོ།།  སུམ་པ་ཡེ་ཤེས་དཔལ་འབྱོར་ཚང་གི་རང་རྣམ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་མཁས་པ་མང་པོའི་གསུང་དུ།  སྐབས་དེའི་གནས་ཚུལ་ཐོར་རེ་བ་དང་སྐུ་འབུམ་གྱི་གྲྭ་བཙུན་བརྒྱ་མ་ལོང་ཙམ་བསད་པ་ལས་མ་བཤད་པ་ནི།  ཁོང་རྣམས་སྐབས་དེའི་མན་ཇིའི་སྲིད་གཞུང་གི་བླ་མ་དང་མཆོད་ཡོན་གྱི་འབྲེལ་བ། ཐོབ་དང་དབང་ཤུགས་སོགས་ཀྱི་དབང་གིས་མང་པོ་མ་གསུང་བར་འདུག   ཨ་ལགས་དུང་དཀར་སོགས་ཀྱིས་སྐབས་དེར་སྐུ་འབུམ་གྱི་གྲྭ་བ་རྒན་གཞོན་བསྡོམས་པས་བདུན་བརྒྱ་ལྷག་གི་སྐེ་བྲེགས་པར་བཤད་ལ།  སྐུ་འབུམ་ས་ཆའི་ངག་རྒྱུན་ན་དེ་ལས་ལྷག་པ་བསད་པའི་ལོ་རྒྱུས་མང་དུ་འདུག་གོ།

1809dd317501e39b401b1503573b313f.jpg

བཞི།

མཚོ་སྔོན་དུས་འཁྲུག་ནས་ཙོང་ཁའི་ཡུལ་སྤྱི་དང་ལྷག་པར་ཟི་ལིང་ས་ཁུལ་གྱི་བོད་སྡེ་དག་ལ་མན་ཇིའི་དཔོན་རིགས་དང་རྒྱ་དམག་གིས་གཉའ་གནོན་དང་བཙན་འཛུལ་ཡ་ང་བ་བྱས་རྐྱེན། བོད་སྡེ་མང་པོ་འུ་ཐུག་ཐབས་ཟད་དེ་ཁྲི་ཀ་དང་གཅན་ཚ། ཆབ་ཆ། དུར་ལམ་སོགས་ཡུལ་གཞན་དུ་བཙན་བྱོལ་དུ་འགྲོ་དགོས་བྱུང་ལ། གཞན་ཟི་ལིང་ཉེ་འཁོར་གྱི་བོད་པ་དག་ལ་དུས་ཡུན་མང་པོའི་རིང་བོད་སྐད་བཤད་མི་ཆོག་པ་དང་། མི་ཤི་དུས་རྒྱ་ལུགས་ཀྱི་སྲོལ་ལྟར་གོས་དཀར་གྱོན་པ་དང་ཤོག་བུ་སྲེག་པ། མང་པོ་ཚོགས་ནས་མཉམ་དུ་ངུ་འབོད་བྱེད་དགོས་པ་དང་། གཉེན་སྟོན་ལ་གོས་དམར་པོའི་བག་ཁང་སོགས་བྱེད་དགོས་པའི་བཀའ་ཁྲིམས་བཅས་པ་སོགས་ཀྱི་རྐྱེན་བྱས་ཏེ། བོད་པ་མང་པོ་ཐབས་སྡུག་ཏེ་རྒྱའི་ཧྲན་ཞི་དང་ཞིས་ཨན་སོགས་ཀྱི་གོམས་སྲོལ་ལ་ལད་མོ་བྱས་ནས།  རྒྱའི་སྐད་བཤད་པ་སོགས་ཡུན་རིང་ལ་བྱས་མཐར་གསེར་ཁོག་དང་ཆུ་བཟང་། ཟི་ལིང་ཕྱོགས་ཀྱི་བོད་སྡེ་དག་སྔར་ནས་ཉམས་ཟིན་པ་དང་། སྐུ་འབུམ་ཚོ་དྲུག་དང་སྟོང་སྐོར་ལུང་པ་སོགས་ཀྱི་བོད་པའི་རུས་སྡེ་དག་ནས་ཀྱང་བོད་སྐད་བོད་ཡིག་བརྗེད་དེ། ད་ལྟ་བོད་ཀྱི་སྐད་དང་ཡི་གེ་སོགས་ཡུལ་ཕྱོགས་དེ་གར་རྩ་བ་ནས་ཉམས་པ་ཡང་གནད་འདི་ལ་ཐུག་པ་ཡིན་ཞེས་རྒན་པ་དག་ནས་གླེང་།  

དེ་ལྟར། མདོ་སྨད་ཙོང་ཁའི་ཡུལ་གྱི་བོད་ཀྱི་རུ་སྡེ་དག་ལ་མཚོ་སྔོན་དུས་འཁྲུག་ནས་བོད་སྐད་བཤད་མི་ཆོག་པའི་ཁྲིམས་བཅས་པས། བོད་ཀྱི་སྐད་དང་ཡིག་གེ་བརྗེད་དེ་རིམ་གྱིས་མི་རབས་ཕྱི་མ་རྣམས་བོད་རིགས་ཞེས་པའི་མིང་གི་ལྷག་མར་གྱུར་ལ། དེ་དང་འབྲེལ་ནས་ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་ཙོང་ཁའི་ཡུལ་གྱི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཆུ་བཟང་དགོན་པ་དང་གསེར་ཁོག་དགོན་པ། སྟོང་སྐོར་དགོན་པ་སོགས་བོད་ཀྱི་དགོན་སྡེ་ཆེ་ཆུང་དུ་མ་ཡང་རིམ་གྱིས་ཉམས་ཏེ་མིང་གི་ལྷག་མར་གྱུར་བའོ།།   

2b4831a705da9db35247ec05615097db.jpg         

0c332c0499fc5b3514a39bfa2fe2ea37.jpg

        ཞེས་ལོ་རྒྱུས་ཀྱི་དེབ་དང་སྐུ་འབུམ་ས་ཁུལ་གྱི་ངག་རྒྱུན་དག་ལ་གཞི་བཟུང་སྟེ།  ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་སྔོན་མའི་མཚམས་སྦྱོར་ལ་ཁ་སྣོན་དང་བཅས་མེ་སྤྲེལ་ལོའི་བོད་ལོའི་ཉི་ཤུ་དགུ་ཉིན་རྗེ་སྐུ་འབུམ་ནས་བྲིས་པའོ།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།