ཀྲུང་གོ་བོད་ཀྱི་དྲ་བ།

མངལ་སྐེའི་འབྲུམ་རྡོལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མོ་ནད་ལས་ཆེས་རྒྱུན་མཐོང་གི་མངལ་ཁའི་འབྲུམ་རྡོལ་ཏེ། འཕྲོད་བསྟེན་ཤེས་ན་འགོག་སླ་ཞིང་། གསོ་དུས་ཤེས་ན་བཅོས་སླ་བ། འགོར་འགྱང་བྱས་ན་ཚེ་སྲོག་དང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད་པའི་རོང་འབྲོག་བུད་མེད་དག་ལ་ཕན་སྙམ་གྱིས་ཀུན་ནས་བསླངས་ཏེ། བོད་ཕྱི་གསོ་རིག་གི་གཞུང་ལུགས་ལ་གཞི་བཅོལ་ཏེ་ལོ་ངོ་མང་པོའི་སྨན་བཅོས་ལས་ཉམས་མྱོང་བསགས་པའི་ཤེས་བྱ་ཕྲན་བུ་འདི་ནི་ལས་དབང་གཅིག་པའི་བུད་མེད་རྣམས་ཀྱི་ཚེ་སྲོག་དང་བདེ་ཐང་གི་ཆེད་དུ་ཕུལ་བ་ཡིན།

དང་པོ། མངལ་སྐེ་འབྲུམ་རྡོལ་གྱི་ནད་གཞིའི་དབྱེ་རིམ།

1.ཚད་རིམ་དང་པོ། འབྲུམ་རྡོལ་གྱི་ཚད་ཆེ་ཆུང་ནི་མངལ་སྐེ་སྤྱིའི་སུམ་ཆའི་གཅིག་ནས་སུམ་ཆའི་གཉིས་ཙམ་ཟིན་པ།

2.ཚད་རིམ་གཉིས་པ། འབྲུམ་རྡོལ་གྱི་ཚད་ཆེ་ཆུང་ནི་མངལ་སྐེ་སྤྱིའི་སུམ་ཆའི་གཅིག་ནས་སུམ་ཆའི་གཉིས་ཙམ་ཟིན་པ།

3.ཚད་རིམ་གསུམ་པ། འབྲུམ་རྡོལ་གྱི་ཚད་ཆེ་ཆུང་ནི་མངལ་སྐེ་སྤྱིའི་སུམ་ཆའི་གཉིས་ཡན་ཟིན་པ།

གཉིས་པ། མངལ་སྐེ་འབྲུམ་རྡོལ་གྱི་ནད་རྟགས།

གྲང་དཀར་མང་བ། མོ་མཚན་མཚན་དབྲག་སོགས་འདོམས་སུ་ཟ་འཕྲུག་ལངས་པ། མོ་མཚན་ལ་ཚ་ཙག་བྱེད་པ། རྒྱུ་ཞབས་གཟེར་བ། རྐེད་པ་མན་ཆད་བམ་མེར་ན་བ། གཅིན་ཁ་སྙི་ཞིང་གཅིན་པ་གཏོང་དཀའ་བ། མངལ་མི་སྦྲུམ་པ་སོགས།

གསུམ་པ། མངལ་སྐེ་འབྲུམ་རྡོལ་ནད་གཞིའི་སྔོན་འགོག

1.ལུས་ཕུང་གཙང་སྦྲར་དོ་སྣང་བྱེད་པ་སྟེ། མཚན་མའི་ཕྱི་ལ་ཆུ་གཙང་གིས་བཀྲུ་བ། དུས་རྒྱུན་དུ་དོར་ཐུང་སོགས་གཙང་བཀྲུ་བྱས་ཏེ་ཉི་མར་ལྡེས་ནས་དུག་སེལ་བྱེད་པ། ཕོ་མོ་གང་ཡིན་ཡང་དྲི་མ་ངན་པ་མནམ་པའི་མཚན་མ་ཆུ་གཙང་གིས་མ་བཀྲུས་པར་ཆགས་སྤྱོད་མི་བྱེད་པ།

2.ཉལ་པོ་ཐལ་དྲགས་མི་བྱེད་པར་ཚོད་འཛིན་ཡོད་པ།

3.བཟའ་ཟླ་ལས་གཞན་ལ་ཉལ་པོ་མི་བྱེད་པ།

4.ཟླ་མཚན་འཛག་དུས་ཉལ་པོ་མི་བྱེད་པ་དང་གཙང་ཤོག་དང་གསང་དོར་གྱི་གཙང་སྦྲར་དོ་སྣང་བྱེད་པ།

5.སྨན་བཅོས་བྱས་རྗེས་སུ་མངལ་ཁ་སངས་དྲག་མ་བྱུང་བར་ཉལ་པོ་མི་བྱེད་པ།

6.ཐབས་ལམ་ཡང་དག་སྒོས་སྦྲུམ་འགོག་བྱས་ནས་སྦྲུམ་འདེད་མི་བྱེད་པ།

7.དུས་ལྟར་མོ་ནད་བརྟག་དཔྱད་དང་སྐབས་འཕྲལ་གསོ་བཅོས་བྱེད་པ།

8.དུག་སེལ་གྱི་སྨན་དང་བཀྲུ་རྫས་འདྲ་མིན་གྱིས་མཚན་མའི་ཕྱི་ནང་མི་བཀྲུ་བ།

9.གྲང་དཀར་ཇེ་མང་དང་། ཁ་དོག་དཀར་སེར་རྣག་ཁྲག་འདྲེས་ཤིང་དྲི་མནམ་པའི་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་བརྟག་བཅོས་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།