སྙིང་འཕྱོས་ནད་ཀྱི་བརྟག་བཅོས།

སྙིང་འཕྱོས་ནད་ཅེས་པ་ནི་བསམ་བློའི་བརྩེ་དུང་ལ་ཕོག་ཐུག་ཆེན་པོ་བྱུང་བ་སོགས་རྐྱེན་བྱས་ཏེ་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཉེས་པ་རླུང་གི་བྱེད་ལས་ལོག་ནས་སྙིང་ལ་ཞུགས་ཏེ་རླུང་འཁྲུགས་པའི་དབང་གིས་ཤེས་པ་འཕྱོས་ནས་ངེས་བརྟན་མེད་པར་གྱུར་པའི་ནད་ཅིག་རེད།

སློང་རྐྱེན།

སྙིང་འཕྱོས་ནད་ནི་ཁ་ཟས་རོ་ཁ་བའི་རིགས་དང་། ནུས་པ་ཡང་རྩུབ་བསིལ་བའི་ཟས་རིགས་བསྟེན་དྲགས་པ། ལྟོ་དང་གཉིད་ཆག་པ། ལྟོ་སྟོང་ལ་དྲག་ཤུལ་གྱི་ལས་བྱས་པ། ཁ་ཡི་ལས་ཆེ་བ། ཤུགས་བཀག་པ་དང་ངུས་དྲགས་པ། ཁྲག་མང་དུ་ཟགས་པ་དང་འཁྲུ་སྐྱུགས་དྲགས་པོས་བཏབ་པ། བརྩེ་ཞིང་ཞེན་ཆགས་ཆེ་བའི་ཡུལ་གང་ཞིག་གློ་བུར་དུ་འཕོ་འགྱུར་བྱུང་སྟེ་དེས་བསམ་བློའི་བརྩེ་དུང་ལ་ཕོག་ཐུག་ཆེན་པོ་བྱུང་བ་དང་། བློ་ཕམ་ཆེན་པོ་བསྐྱེད་པ། བསམ་ཤེས་བཟོད་བསྲན་མི་ཐུབ་པ་སོགས་ཀྱིས་སློང་གིན་ཡོད་པ་རེད།

ནད་རྟགས།

ནད་རྟགས་སུ་མགོ་བོ་ན་བ་དང་། བརྗེད་ངེས་ཆེ་བ། ཤེས་པ་འཕྱོས་ཤིང་དོན་མེད་དུ་སྙིང་མི་དགའ་བ། བསམ་བློར་སྟོང་སྣང་ཤར་བ། སྐབས་རེར་སྡུག་ནས་ངུ་འབོད་དྲག་པོ་བྱེད་པ། སྐབས་རེར་དགའ་བའི་ཚུལ་གྱིས་གད་མོ་ཆེན་པོ་བགད་པ། སྐབས་རེར་གླུ་གཞས་གཏོང་བ། སྐབས་རེར་འཆལ་འཆོལ་སྨྲ་བ། གནས་གཅིག་ཏུ་སྡོད་མི་ཚུགས་པ། སྐབས་རེར་གློ་བུར་དྲན་པ་ཐོར་ནས་སར་འགྱེལ་ཏེ་སྐར་མ་ཁ་ཤས་རིང་དབུགས་སྒོང་པའམ་ཡང་ན་འཚང་ཆེ་བ། མིག་བཙུམ་ཞིང་ཁ་མ་གྲགས་པར་སྡོད་པ། ཡན་ལག་རེངས་པ། སྐབས་རེར་སྐད་ཆ་རྫོགས་མེད་བཤད་པ་བཅས་ཡིན་རུང་། གཞི་རྩའི་དྲན་ཤེས་གསལ་པོ་ཡོད་པ། གཞན་བྲང་གཞུང་དཀར་ནག་མཚམས་སོགས་རླུང་གསང་རྣམས་བརྫིས་ན་ན་བ་དང་། འཕར་རྩའི་རྒྱུ་བ་སྟོང་ལ་གྲངས་མྱུར་བ། དྲི་ཆུའི་མདོག་སྔོ་ཞིང་ལྦུ་བ་ཆེ་བ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

བཅོས་ཐབས།

བཅོས་ཐབས་སུ་ཁ་ཟས་ལ་སྣུམ་བཅུད་དྲོད་ཀྱི་ཁ་ཟས་ཟྭ་དང་ཙོང་སྒོག ཟན་སྐམ། རུས་ཚོད། བུ་རམ། མར་རྙིང་། འབྲུ་མར། ལུག་ཤ་དང་བུར་ཆང་། འོ་མ་སོགས་བསྟེན་དགོས། བཅུད་མེད་པ་དང་ནུས་པ་ཡང་རྩུབ་ཁ་བ་དང་བསིལ་བའི་རིགས་ཏེ་འབྲུ་རྙིང་དང་ཕག་ཤ་ལྟ་བུ་ལ་འཛེམ་དགོས། སྤྱོད་ལམ་དུ་ཁོར་ཡུག་ཟང་ཟིང་མིན་པའི་དབེན་གནས་དང་མུན་ཁུང་སོགས་དྲོ་བའི་གནས་སུ་འདུག་པ། གཉིད་ལོག་པ་དང་ཡིད་འོང་གི་གྲོགས་བསྟེན་ལ་རྩོལ་བཅག་དང་དྲག་ཤུལ། སྨྲ་བརྗོད་མང་བའི་ལས་སོགས་སྤང་དགོས། སྨན་དུ་བི་མ་ལ་དང་སེམས་ཀྱི་བདེ་སྐྱིད་། ཨ་གར་བརྒྱད་པ། བཙན་དུག་སྨན་མར་སོགས་རྒྱུན་སྤྱོད་སྨན་སྦྱོར་དང་། བྱེ་བྲག་རྒྱུད་དང་ཉམས་ཡིག་གཞན་ནས་བསྟན་པའི་འབྲེལ་ཡོད་སྨན་རྫས་བརྟེན་པ་དང་། དཔྱད་དུ་སྤྱི་གཙུག་དང་བྲང་གཞུང་དཀར་ནག་མཚམས། ཚིགས་པ་དང་པོ། རྒྱབ་ཀྱི་སྙིང་གསང་དང་སྲོག་རྩའི་གསང་རྣམས་སུ་ཧོར་གྱི་མེ་བཙའ་འཇོག་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་པ་ཡིན་ནོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།