ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གསོ་རིག་ལས་བསྟན་པའི་དུས་བཞིའི་ཟས་སྤྱོད་བསྟེན་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1509435859172756.jpg

དགུན།

དགུན་གྱི་དུས་སུ་གྲང་ཞིང་བསིལ་བའི་རང་བཞིན་གྱིས་ལུས་ཀྱི་སྟོབས་རབ་ཏུ་འཕེལ་ཏེ་བ་སྤུའི་སྒོ་རྣམས་ཟུམས་ནས་འགག་པས་ནང་གི་མེ་དྲོད་ཕྱིར་མ་ཤོར་བ་དང༌།  ལྷག་པར་དུ་རླུང་མེ་མཉམ་ཡང་མེ་དྲོད་དེ་ཉིད་ཆེས་ཆེར་འབར་བས་ཟས་སྐོམ་རྣམས་མྱུར་དུ་ཞུ་ཞིང་འཇུ་བས་ཟས་སྐོམ་ཉུང་བར་གྱུར་ན་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་བྲི་བར་གྱུར།  རྒྱུ་མཚན་དེའི་ཕྱིར་རོ་མངར་སྐྱུར་ལན་ཚྭ་གསུམ་ཤས་ཆེར་བསྟེན་དགོས་ཏེ་ཟས་ལ་ལུག་ཤ་བཟང་པོའི་ཁུ་བ་དང་མར་གསར་ཞུན་མར། བུ་རམ།  ཆང་དང་འོ་མ་སོགས་ཁ་ཟས་སྣུམ་བཅུད་རིགས་བཟའ་བ་དང་གྲང་ངད་འགོག་ཕྱིར་སྤྱོད་ལམ་དུ་གཅན་གཟན་རི་དྭགས་དང་ལུག་སོགས་ཀྱི་པགས་པ་ལས་བཟོས་པའི་གོས་གྱོན་པ།  ཏིལ་མར་སོགས་འབྲུ་མར་རིགས་ལུས་ཁམས་ལ་བྱུག་ཅིང་འཕུར་མཉེད་བྱེད་པ་དང་། མེ་ཉི་སོགས་ལ་ལུས་ཁམས་ཚད་རན་པར་བསྲོ་དགོས་སོ།

1509435858667665.jpg

དཔྱིད།

དཔྱིད་ཀྱི་དུས་ནི་ཉི་འོད་ཚ་མོས་དྲོས་པའི་སྟོབས་ཀྱིས་བ་སྤུའི་བུ་ག་རྣམས་ཀྱང་ཕྱེ་ནས་ནང་གི་མེ་དྲོད་ཕྱིར་ཤོར་ཏེ་ཕོ་བའི་མེ་དྲོད་ཉམས་པས་ན་བད་ཀན་གྱི་ནད་དེ་ཉིད་ལྡང་བར་བྱེད་པའི་དུས་ཡིན་པས། དེ་གནོན་པར་བྱེད་པའི་ཕྱིར་རོ་ཁ་ཚྭ་བསྐ་གསུམ་ཤས་ཆེ་བའི་ཟས་སྐོམ་བསྟེན་དགོས་པ་སྟེ། བྱ་རི་དྭགས་སྐམ་སར་གནས་པའི་སྲོག་ཆགས་ཀྱི་ཤ་དང་སྦྲང་རྩི་དང༌།  ཆུ་འཁོལ་ཚ་པོ། ཐང་སོགས་ནུས་པ་ཡང་ལ་རྩུབ་པ་གཙོ་བོར་བསྟེན་ལ་སྤྱོད་ལམ་དུ་དྲོ་བའི་གནས་སུ་སྡོད་པ་དང་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་ཀྱིས་གང་བའི་སྐྱེད་ཚལ་གྱི་ཉི་གྲིབ་ལ་འདུག་དགོས་སོ།

1509435859441140.jpg

དབྱར།

དབྱར་དུས་ནི་ནམ་མཁའ་ལ་སྤྲིན་ནམ་ཆུའི་རྡུལ་ཆེན་པོ་འདུས་ནས་ཉི་འོད་མི་གསལ་ཞིང་ཆར་པ་བབས་པའི་ཆུ་ཡིས་ས་གཞི་རྣམས་བརླན་པར་གྱུར་བ་དང༌།  ཆུ་ཐིག་ཕྲ་མོའི་རྡུལ་དང༌།  ས་གཞི་རྣམས་ལས་རླངས་པ་ཐོན་པ།  ཆུ་ཀླུང་སོགས་ཉོག་མ་ཅན་དུ་གྱུར་པས་ཕོ་བའི་མེ་དྲོད་ལ་གནོད་ཅིང་རླུང་ནད་ལྡང་བའི་དུས་ཡིན་པས་རོ་མངར་སྐྱུར་ལན་ཚྭ་སོགས་ཁ་ཟས་བསྟེན་ཞིང་ནུས་པ་ཡང་ལ་དྲོ་ཞིང་སྣུམ་གྱི་རིགས་བཟའ་དགོས་ཏེ། དཔེར་ན་སྐམ་སའི་འབྲུ་རྙིང་གི་ཟན་ཆང་ངམ་སྦྲང་ཆང༌།  ཤ་ཁུ་སོགས་དང་གནས་སའི་ཁང་པ་ཡང་བརླན་བཤེར་བསིལ་བའི་རེག་བྱ་དང་བྲལ་ཏེ་དྲོ་ཞིང་སྐམ་སའི་སར་གནས་པར་བྱ་དགོས་སོ།

1509435859110518.jpg

སྟོན།

སྟོན་དུས་ནི་ཉི་མའི་འོད་ཟེར་ཚ་བས་ལུས་ཡོངས་སུ་གདུངས་ཏེ་དབྱར་དུས་བསིལ་བས་མགོ་མནན་པའི་མཁྲིས་ནད་ལྡང་བར་གྱུར་པའི་དུས་ཡིན་པས་དེ་བསལ་བར་བྱེད་པའི་ཕྱིར་སྟོན་དུས་ཀྱི་སྐབས་སུ་རོ་མངར་བ་དང༌།  ཁ་བ། བསྐ་བ་བཅས་དང་ལྡན་པའི་ཟས་སྐོམ་རིགས་བཟའ་དགོས་པ་དཔེར་ན་བ་རའི་ཞོ་དང༌།  དར་བ། མར་གསར། རི་དྭགས་དང་ར་ཤ་གསར་པ། དེ་བཞིན་གངས་དང་རྫས་ལས་བྱུང་བའི་ཆུ་བསིལ་སྐོལ་གྲང་བསྟེན་པ། ཤིང་གྲིབ་དང་ཆུ་འགྲམ་ལྟ་བུའི་བསིལ་སར་སྡོད་པ། ལུས་ཁམས་མི་འཁྲུག་པར་དལ་བར་གནས་དགོས་པ་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།