མིའི་རིགས་མཁའ་དབྱིངས་སུ་ཐེངས་དང་པོར་སྐྱོད་དུས་ཀྱི་ཉེན་ཁའི་སྣང་ཚུལ་འགའ།

1965ལོའི་ཟླ3པའི་ཚེས18ཉིན་གྱི་དུས་ཚོད10ཡི་སྟེང་། འཕུར་གྲུ“ཡར་འཕགས་ཨང2པ”ལ་བདེ་བླག་ངང་མེ་བསྒྲོན་ནས་མཁའ་དབྱིངས་སུ་འཕུར་བ་དང་། ཅུང་མ་འགོར་བར་གཏན་འཁེལ་འཁོར་ལམ་དུ་ཕྱིན་ནས། རང་དབང་དུ་འཕུར་བའི་མགོ་བརྩམས། སྔོན་གྱི་སུའུ་ལེན་འཇིག་རྟེན་འཕུར་སྐྱོད་པ་ལེ་ཨང་ནུའོ་ཧྥུ་དང་པེར་ཡ་ཡེ་ཧྥུ་གཉིས་མཉམ་དུ་འཕུར་གྲུ་དེར་བསྡད་ནས་མཁའ་དབྱིངས་སུ་སོང་།

འཕུར་གྲུ་ནས་སྒོར་འབུད་པའི་དུས་ཚོད་སླེབས་ལ་ཉེ་དུས་ལུས་ཧྲིལ་པོར་གོ་ཆས་གྱོན་པའི་ལེ་ཨང་ནུའོ་ཧྥུ་ཡིས་དབུགས་རིང་ཞིག་འཐེན་ནས་སེམས་ཆུང་དང་གཟབ་ནན་ངང་འཕུར་གྲུའི་སྒོ་ཕྱེ་བ་དང་། རིང་ཚད་ལ་སྨི15.35ཡོད་པའི་ཆེད་བཟོས་ཉེན་འགོག་ཐག་པ་ཞིག་གིས་རང་ལ་དམ་པོར་བཅིངས་ཏེ། མིའི་རིགས་མཁའ་དབྱིངས་སུ་སྐྱོད་པའི་གོམ་པ་དང་པོ་སྤོས།

འཕུར་གྲུ་ནས་བུད་རྗེས་ལེ་ཨང་ནུའོ་ཧྥུས་རླུང་གནོན་བར་ཁྱད་ཆེ་བས་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་མྱུར་དུ་སྦོས་ཡོད་པ་ཤེས་སོང་། རྗེས་སུ་ཁོས་ཕྱིར་དྲན་བྱེད་དུས“སྐར་མ8ཀྱི་རྗེས་སུ་ངས་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་ཀྱི་འགྱུར་ལྡོག་གསལ་པོར་ཤེས་སོང་། ངའི་ལག་པ་ལག་ཤུབས་ནང་ཡོད་མེད་མི་ཤེས། ངའི་རྐང་པ་གཉིས་ལྷམ་ནང་དུ་གཡོ་བཞིན་འདུག་ལ། ཐ་ན་ངས་པར་རྒྱག་མི་ཐུབ་པར་གྱུར་སོང”ཞེས་བཤད།

འཕུར་གྲུ་ཉི་མ་ནུབ་པའི་འཕུར་ལམ་དུ་སླེབས་ལ་ཉེ། ཡིན་ཡང་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་ཆེས་ཆེར་སྦོས་པས་སྒོ་ཁ་ནས་བཀག་སོང་། དུས་ཚོད་དམ་འཛིན་བྱེད་དགོས་པས། ལེ་ཨང་ནུའོ་ཧྥུས་རྩིས་ཤིག་བརྒྱབ་སྟེ་འཕྲལ་གྱིས་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་ནང་གི་གནོན་ཤུགས་ཇེ་ཆུང་དུ་བཏང་།

འཕུར་གྲུའི་ནང་དུ་འགྲོ་ཐུབ་སོང་ནའང་། དེ་མ་ཐག་གནད་དོན་གཞན་ཞིག་དང་འཕྲད་བྱུང་། བྲེལ་འཚུབ་ཆེ་བས་ལེ་ཨང་ནུའོ་ཧྥུས་འཕུར་གྲུ་ནང་འགྲོ་དུས་མགོ་ཐོག་མར་སོང་བ་ལས་རྐང་པ་མ་སོང་། ཁོས་རང་གི་མགོ་རྔ་ལྡོག་དགོས། སའི་གོ་ལའི་སྟེང་ལས་སླ་མོ་ཞིག་ཡིན་པའི་དོན་དག་འདི་མཁའ་དབྱིངས་སུ་ཕྱིན་ན་དཀའ་མོ་ཞིག་ཏུ་གྱུར་འདུག ཆེས་ཆེར་སྦོས་པའི་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་རྐུབ་སྟེགས་སྟེང་གང་སོང་བས། མཇུག་མཐར་ལེ་ཨང་ནུའོ་ཧྥུས་ཉེན་ཁ་ལ་མ་འཛེམས་པར་ཡང་བསྐྱར་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་བ་དང་ཤུགས་ཡོད་རྒུ་བཏོན་པ་ན་ད་གཟོད་འཕུར་གྲུའི་སྒོ་རྒྱག་ཐུབ་པ་བྱུང་།

དུས་ཡུན་ཐུང་ངུ་སྐར་མ12ནང་ལེ་ཨང་ནུའོ་ཧྥུ་ལ་སེམས་ཁམས་དང་ལུས་ཁམས་ཀྱི་གནོད་པ་ཆེན་པོ་ཐེབས། ཁོས“རྒྱུན་པར་ང་རང་ལ་རྔུལ་ཆུ་ཉུང་ལ། ཉིན་དེར་ངའི་ལུས་ཕུང་སྤྱི་རྒྱ5.4ཇེ་ཡང་དུ་སོང་། ལྷམ་གྱི་ནང་དུ་རྔུལ་ཆུས་བཀང་སོང”ཞེས་བཤད།

འཕུར་གྲུ་ནང་གི་ཁོའི་ལས་གྲོགས་ཀྱིས་སའི་གོ་ལར“མིའི་རིགས་ཀྱིས་མཁའ་དབྱིངས་སུ་སྐྱོད་ཐུབ་སོང”ཞེས་སྙན་ཞུ་ཕུལ་བས། ཉེན་ཁ་ཡང་ཡང་དུ་བྱུང་རུང་། ཁོས་ངལ་དུབ་བརྗེད་སོང་།

ཁོ་ཚོ་ཕྱིར་སའི་གོ་ལའི་སྟེང་ཡོང་དུས་ཀྱང་ཉེན་ཁ་ཞིག་དང་འཕྲད་བྱུང་། ལྗིད་ཚད་ཤོར་བས་འཕུར་གྲུ་འཁོར་བ་དང་། གནས་ཐིག་གཏན་འཁེལ་མ་ལག་ལ་ཡང་གནད་དོན་བྱུང་བས། འཕུར་གྲུར་མིའི་ཐབས་ཀྱིས་བཀོལ་སྤྱོད་བྱས་པས་ད་གཟོད་སའི་གོ་ལར་འབབ་ཐུབ་པ་བྱུང་། མཇུག་མཐར་འཕུར་གྲུ་བདེ་བླག་ངང་ཧ་སག་སི་ཐན་ཉེ་འདབས་ཀྱི་ནགས་ཚལ་ནང་བབས་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།