གེ་སར་དགོན་པ།

རྒན་གཅོད་པ་དོན་གྲུབ་ལགས་ནི་སྤྱི་ལོ1950ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་ཡབ་པདྨ་དབང་རྒྱལ་དང་ཡུམ་ཤ་བོ་སྐྱིད་གཉིས་ཀྱི་གཅེས་ཕྲུག་ཏུ་སྐྱེས། རང་ལོ་དྲུག་བདུན་སྐབས་སུ་རྒྱལ་རའི་སློབ་ཆུང་དང་ར་གོང་མའི་སློབ་ཆུང་དུ་ཞུགས།  སྤྱི་ལོ1978ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་། གནས་དེ་ནས་ཤེས་རིག་གི་འདབ་ལག་ཕྱོགས་བཅུར་རྒྱས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ལགས་ཤར་གདོང་དང་རྡོ་རྒྱལ་སྐུ་ལོ། དཔའ་རིས་བློ་གྲོས་སྙེམས་བློ། དགེ་རྒན་བདེ་མཆོག དགེ་རྒན་གུ་རུ་རྒྱལ་སོགས་ཀྱི་མདུན་ནས་བོད་ཡིག་དང་རྒྱ་ཡིག ལོ་ཙཱ། སྙན་ངག་དང་བརྡ་སྤྲོད། ནང་དོན་རིག་པ་དང་ཚད་མ་རིག་པ། གནའ་རྩོམ་དང་དེང་རྩོམ་སོགས་མང་དུ་སྦྱངས་ནས་རང་གི་བུམ་སྣོད་ཤེས་རིག་གིས་བལྟམས།

wKgMFFjKJhmAbrLiAAcxxGp6B44207.png

ཁོང་སློབ་མའི་དུས་ནས་བཟུང་རྩོམ་རིག་ལ་དུངས་ཞེན་ཆེ་བའི་དབང་གིས་སྙན་ངག་དང་ལྷུག་རྩོམ། སྒྲུང་རྩོམ་སོགས་མང་དུ་བྲིས་མྱངས་ལ། སྤྱི་ལོ་1983ལོ་ནས་བཟུང་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱིས་དཔར་སྐྲུན་བྱས་པའི་དཔེ་ཆ་སྟེ། 《སྙིང་གཏམ་ཤེལ་དཀར་མེ་ལོང་།》དང་ 《བརྩེ་དུང་གི་མིག་ཆུ།》 《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས།》 《གླིང་གེ་སར་སྒྲུང་གི་ཚིག་རྒྱན་ནོར་བུའི་བང་མཛོད།》 《གླིང་སྒྲུང་བཀྲ་ཤིས་སྨོན་ལམ་ལྔ།》 《གངས་རིའི་བརྩེ་དུང་།》 《ཆབ་འགག་ཡུལ་གྱི་ལོ་རྒྱུས།》 《གླིང་གེ་སར་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང་།》 《ལྷ་གླིང་གབ་ཙེ་དགུ་སྐོར།》 《གླིང་སྒྲུང་ཤན་འདན་ནང་འཁྲུག》 《གླིང་གེ་སར་སྒྲུང་གི་དཀའ་གནད་གསལ་བའི་སྒྲོན་མེ།》 《རྨ་འབྲིའི་འབྱུང་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན།》 《བྱ་ནག་སྤུན་གསུམ།》 《གཅོད་པ་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།》 《གླིང་གེ་སར་སྒྲུང་དང་མདོ་དབུས་མཐོ་སྒང་།》 (རྒྱ་ཡིག) 《ངོ་མཚར་ཆེ་བའི་གླིང་སྒྲུང་།》(རྒྱ་ཡིག) 《གླིང་གེ་སར་སྒྲུང་གི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་།》 《གླིང་གེ་སར་གྱི་སྒྲུང་པའི་རྟོག་དཔྱད་དང་ཞིབ་འཇུག》བཅས་དཔེ་ཆ་སུམ་ཅུ་ལྷག་ཡོད་ཅིང་། 《གླིང་གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས》དང་ 《མཚོ་སྔོན་པོའི་གླུ་སྒྲ།》 《མཚོ་སྔོན་གྱི་གེ་སར་སྒྲུང་པའི་དཔེ་ཚོགས།》 《རྒྱལ་སྤྱིའི་གེ་སར་སྒྲུང་རིག་གཞུང་གྲོས་ཚོགས་ཐེངས་ལྔ་བའི་དཔྱད་རྩོམ་ཕྱོགས་བསྡུས།》བཅས་ཀྱི་སྙན་རྩོམ་དང་ལྷུག་རྩོམ། སྒྲུང་རྩོམ་དང་དཔྱད་རྩོམ་སོགས200ལྷག་དང་རང་གིས་བརྩམས་པ་དང་གཙོ་སྒྲུབ་བྱས་པ། གཞན་དང་མཉམ་དུ་གཙོ་སྒྲུབ་བྱས་པའི་དཔེ་ཆ་དང་ལས་གཞི་སོགས་རྣམ་གྲངས50ལྷག་ཡོད་པ་དེ་དག་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་དུ་ཐོབ། ཁྱད་པར་དུ 《བརྩེ་དུང་གི་མིག་ཆུ།》དང 《གངས་རིའི་བརྩེ་དུང་།》གཉིས་ལ་སྔ་ཕྱིར་རྒྱལ་ཡོངས་ཀྱི་རྟ་མཆོག་རྟགས་མའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་པ་དང་། 《སྙིང་གཏམ་ཤེལ་དཀར་མེ་ལོང་།》དང 《བྱ་ནག་སྤུན་གསུམ།》ལ་རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་གི་བྱ་དགའ་ཐོབ། 《གླིང་གེ་སར་སྒྲུང་གི་དཀའ་གནད་གསལ་བའི་སྒྲོན་མེ།》ཞེས་པའི་ཞིབ་འཇུག་གླེགས་བམ་ལ་རྒྱལ་ཡོངས་ཀྱི་ཇོ་མོ་གླང་མའི་བྱ་དགའ་ཨང་གསུམ་པ་ཐོབ། གཞན་ཡང་ཞིབ་འཇུག་དཔྱད་རྩོམ 《གླིང་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་ལ་དཔྱད་པ།》དང་ 《སྒྲུང་པའི་རིགས་ལ་དཔྱད་པ།》 《གླིང་གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་ལ་དཔྱད་པ།》བཅས་དཔྱད་རྩོམ80ལྷག་བྲིས་ནས 《ཀྲུང་གོའི་བོད་རིག་པ།》དང་ 《བོད་ལྗོངས་ཞིབ་འཇུག》བཅས་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་དུས་དེབ་སྟེང་དུ་བཀོད།


དེ་ཡང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ནང་རོལ། རྫ་ཆུ་རིང་མོ་ལྷུང་ལྷུང་དུ་འབབ་པའི་གཡས་འགྲམ། རི་རབ་དངུལ་གྱི་མཆོད་རྟེན་བཞེངས་འདྲའི་ཕང་བ་རུ། མཚན་སྙན་གྱི་དུང་སྒྲ་འཛམ་གླིང་ཡོངས་ལ་གྲགས་པའི་ཡེལ་པ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་པ་ཞིག་མངོན་པར་ཆགས་འདུག མི་ཚོས་དགོན་པ་དེ་མཐོང་བ་ཙམ་གྱིས་འདི་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་དགོན་པ་ཡིན་ཞེས་བརྗོད་པའི་གཏམ་བཟང་གནའ་ནས་ད་ལྟའི་བར་དུ་ཉམ་མ་མྱོང་། དགོན་པ་དེའི་ནང་དུ་འཛམ་གླིང་གེ་སར་རྒྱལ་པོའི་གོ་ཁྲབ་དང་མདའ་མདུང་གྲི་གསུམ། ཁྲོ་ཐུང་གི་རལ་གྲི། འབྲུག་མོའི་དུང་གི་སྐེད་ཆིངས་སོགས་ཡོད་པར་མ་ཟད། གླིང་གི་དཔའ་རྟུལ་ཐམས་ཅད་ཀྱི་འབག་སྐུའང་བཞེངས་འདུག་པ་ད་ལྟ་ལོ་བཞི་བཅུ་ཡན་ལ་བསླེབས་པའི་ས་དེའི་སྐྱེ་བོ་སུས་ཀྱང་གསལ་བོར་མཐོང་མྱོང་། གླིང་གེ་སར་རྒྱལ་པོའི་དགོན་པ་དེ་ནི་ནང་ཆེན་རྫོང་གི་དགོན་པ་ཆེ་ཆུང་གྱ་བཞི་ལས་ལོ་རྒྱུས་ཀྱི་ཆུ་རྒྱུན་ཆེས་རིང་བའི་དགོན་པ་མིང་གྲགས་ཅན་ཞིག་ཡིན་ལ། ལོ་བརྒྱད་བརྒྱ་བཅུ་དགུའི་ལོ་རྒྱུས་ཡོད་པ་ལགས། དགོན་པ་དེ་ཆེས་དར་བའི་སྐབས་སུ་དགེ་འདུན་པ་བརྒྱད་བརྒྱར་བུད་མྱོང་བ་དང་བླ་མ་བདུན་ཡོད། ཕྱིས་སུ་དགོན་པ་དེ་ཀྱག་ཀྱོག་གི་བགྲོད་ལམ་མང་པོ་བརྒྱུད་པས་གེ་སར་རིན་པོ་ཆེའི་རྟེན་འགངས་ཆེན་གྱི་རིགས་ལ་གནོད་སྐྱོན་ཚབས་ཆེན་བྱུང་ནའང་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་ཉམས་པ་སླར་གསོ་མཛད་དེ་སྔར་བཞིན་གསེར་འོད་ལམ་ལམ་གྱི་གཟི་མདངས་ལྟ་ན་སྡུག་པ་འཕྲོས་ཤིང་། ཉིན་རེར་རྒྱང་རིང་གི་སི་ཁྲོན་དང་ཡུན་ནན་ཞིང་ཆེན། ཁོར་ཡུག་ཏུ་གནས་པའི་བོད་ལྗོངས། མཚོ་སྔོན་ལ་སོགས་པའི་དད་ལྡན་མང་ཚོགས་ཁྲི་འབུམ་དུ་མ་སྟོན་སྤྲིན་གྱི་འདུ་འགོད་ཇི་བཞིན་འཁོར་འཁོར་བྱས་ནས་ལྟ་སྐོར་ཕྱག་མཇལ་དུ་འགྲོ་འོང་བྱེད་བཞིན་མཆིས། གེ་སར་རྒྱལ་པོའི་དགོན་པ་དེ་ཡུལ་ལྗོངས་རྣམ་པར་མཛེས་པའི་རི་བོ་རྟའི་རྣ་འབྱོག་གི་དབྱིབས་དང་མཚུངས་པ་ཞིག་གི་སྐེད་ན་ལྷུན་ཞིང་སྡུག་པའི་ངང་དུ་ཆགས་འདུག་ལ། དེའི་རྐྱེན་གྱིས་མི་རྣམས་ཀྱིས་རྟ་རྣ་དགོན་པ་ཞེས་ཀྱང་འབོད། དགོན་པ་དེའི་མདུན་ན་དགུང་གི་དགུ་ཚིགས་ནོར་འཛིན་དཔལ་མོའི་ཆུ་བོ་གཡས་སུ་འབབ་པ་དང་། ཁོར་ཡུག་ཀུན་ཏུ་བུམ་པའི་དབྱིབས་དང་འདྲ་བའི་ས་འཛིན་ཁྲི་སྟོང་མང་པོས་སྟོད་ལ་སྤྲིན་དཀར་གྱི་ན་བཟའ་མནབས་ཏེ་གསལ་ལེར་མངོན་ཞིང་། དྲི་བཟང་བསུང་ཞིམ་ཐུལ་བའི་ལྷ་ཤིང་ཤུག་པ་དང་སུར་དཀར་ལ་སོགས་པའི་ལྗོན་ཤིང་སྣ་ཚོགས་ཀྱིས་འཛིན་མའི་ལྗོངས་ཀུན་རྣམ་པར་བརྒྱན་འདུག ཡིད་དུ་འོང་བའི་བྱ་དང་བྱིའུ་སྣ་ཚོགས་པ་མང་པས་ངལ་བ་མེད་པར་ཕན་ཚུན་གྱི་མཛེས་པའི་ཉམས་འགྱུར་གྱི་གར་སྟབས་བསྒྱུར་ཏེ་རེ་ཞིག་དགུང་སྔོན་དབྱིངས་སུ་འཕུར་ལྡིང་བྱེད་ལ། རེ་ཞིག་དོག་མོ་ས་རུ་གཤོག་རྩེད་ཀྱིས་མཛེས་རིས་ཕབ་པ་ཇི་བཞིན་འཕུར་སྐྱོད་ཀྱི་རྩེ་དགར་དབང་མེད་དུ་རོལ་བཞིན་མཆིས་ལ། ངོ་མ་མཛེས་སྡུག་མཆོག་ཏུ་གྱུར་པའི་ལྷ་ཡུལ་ཁམས་དང་ཁྱད་པར་མ་མཆིས་པས་བདག་གི་བློ་མིག་ཀྱང་རེ་ཞིག་འཕྲུལ་བའི་དྲ་རྒྱར་ཚུད་པ་དང་མཚུངས་སོ།

ས་དེ་གའི་དགེ་འདུན་པ་རྒན་པ་རྣམ་པས་གསུངས་པ་ལྟར་ན་གེ་སར་རྒྱལ་པོའི་དགོན་པ་དེ་ནི་སྤྱི་ལོ་ཆིག་སྟོང་ཆིག་བརྒྱ་བརྒྱད་ཅུ་གྱ་བརྒྱད་﹙༡༡༨༨﹚ལོར་མིང་གྲགས་ཅན་གྱི་འགྲོ་མགོན་ཕག་གྲུའི་ཐུགས་སྲས་སངས་རྒྱས་ཡེ་ཤེས་བརྩེགས་ཀྱིས་འཛམ་གླིང་གེ་སར་རྒྱལ་པོ་དང་ཁོང་གི་དཔལ་རྟུལ་སུམ་ཅུས་མ་རུང་ཕྱོགས་བཞིའི་དགྲ་བཞི་ཐལ་བའི་རྔུལ་དུ་བརླགས་ཏེ་ཁམས་གསུམ་བདེ་ལ་བཀོད་པའི་རླབས་ཆེན་གྱི་མཛད་རྗེས་ནམ་ཡང་བརྗེད་ཐབས་མེད་པའི་དྲན་རྟེན་གྱི་ཆེད་དུ་གསར་བཞེངས་མཛད་པ་ལགས་ཞེས་གསུངས་ཀྱང་རྒན་པ་འགའ་རེས་བཤད་པ་ལྟར་ན། དགོན་དེ་ཐོག་མར་འདེབས་པའི་སྐབས་སུ་བོན་པོའི་ལྟ་བ་འཛིན་པའི་དགོན་པ་ཞིག་ཡིན་མོད། ཡིན་ན་ཡང་ཕྱིས་སུ་དུས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་དབང་གིས་བཀའ་བརྒྱུད་པའི་དགོན་ལག་ཆེན་པོ་ཞིག་ཏུ་གྱུར་ཏེ། རིམ་གྱིས་རྒྱ་བསྐྱེད་དེ་གླིང་གེ་སར་རྒྱལ་པོའི་དགོན་པའི་མིང་ཐོགས་པ་ཡིན་ཟེར། གང་ལྟར་ཡིན་ཀྱང་ཡེལ་པ་བཀའ་བརྒྱུད་པའི་ལོ་རྒྱུས་ལས་གསུངས་པ་ལྟར་ན། ཡེ་ཤེས་བརྩེགས་པ་ནི་ཡབ་སྒོམ་པ་ཨ་འབར་དང་ཡུམ་གོང་བ་བཟའ་བཙུན་མ་སྒྲོན་ཡང་ལྕམ་གྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་སྟག་﹙སྤྱི་ལོ་༡༡༣༤﹚ལོར་སྐུ་འཁྲུངས། དཔལ་རྒ་ལོར་མཇལ་ཞིང་ཆོས་གསན། མཁན་པོ་འབྲོམ་དང་། སློབ་དཔོན་མལ་ཇོ་སྟོན་པ་ལས་རབ་བྱུང་དང་བསྙེན་རྫོགས་འདུལ་བ་རྣམས་ཞུས། དབུས་སུ་བྱོན་ནས་ཕྱ་པ་ལས་དབུ་མ་སོགས་དང་བཀའ་གདམས་གསན། རྔོག་ལས་རྔོག་བརྒྱུད་མན་ངག་རྫོགས་པར་ཞུས། ཕག་གྲུར་བྱོན་ཏེ། འགྲོ་མགོན་རིན་པོ་ཆེའི་དྲུང་དུ་ལོ་བདུན་བཞུགས་ཤིང་དབང་ཁྲིད་གདམས་པ་ཡོངས་རྫོགས་ཞུས་པས་རྟོགས་པ་ནམ་མཁའ་དང་མཉམ། ཁོང་རིན་པོ་ཆེ་ཁམས་སུ་བྱོན་ནས་ལྕགས་ཡོས་﹙སྤྱི་ལོ༡༡༧༡﹚ལོར་ཡེལ་ཕུག་.དགོན་པ་བཏབ། དགུང་ལོ་བཅོ་བརྒྱད་རིང་ལ་ཡེལ་ཕུག་གི་ཚོགས་པ་བསྐྱངས། དེ་ནས་ས་སྦྲེལ་﹙སྤྱི་ལོ༡༡༨༨﹚ལོར་བྱང་རྟ་རྣ་དགོན་པ་དང་། ཆུ་བྱི་ལོར་འཇང་དགོན་པ་བཏབ། ﹙སྤྱི་ལོ༡༡༩༣﹚ལོར་ནུབ་དགོན་ལུང་ཕྱག་བཏབ། དེ་ལྟར་གདན་ས་བཞི་རུ་བརྟེན་གཞི་རྟེན་དང་བཅས་པ་བསྐྲུན་ཅིང་དགེ་འདུན་གྱི་སྡེ་རབ་ཏུ་རྒྱས་པར་མཛད་དེ། ལྕི་ཟླ་རུ་གསུམ་མུན་པའི་སྨག་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། མཐར་དགུང་གྲངས་རེ་གཅིག་པ་ཤིང་སྟག་ལོར་གཤེགས། ཞེས་བཀོད་ཡོད་པ་ལས་དགོན་པ་འདི་ཡང་ཡེལ་པ་ཡེ་ཤེས་བརྩེགས་པ་ཁོང་ཚང་ཡིན་པ་གསལ་བོ་ཤེས་ཐུབ་བོ།

དགོན་པ་དེ་རུ་བོད་ཀྱི་ཕུལ་བྱུང་བཟོ་རྩལ་ལས་ཐོན་པའི་གཙུག་ལག་ཁང་མཆོག་ཏུ་གྱུར་པ་མང་པོ་ལྷང་ངེར་མངོན་འདུག་ལ། རྟེན་འགངས་ཆེན་གྱི་དབྱིབས་ལེགས་མཆོད་རྟེན་སྣ་མང་ཡང་གོ་རིམ་ལྡན་པའི་ངང་གཞུག་ཏུ་བཞེངས་ཡོད་པར་མ་ཟད། དགོན་པའི་གཡས་གཡོན་དུ་གྲྭ་པའི་གྲྭ་ཤག་གྲངས་མང་ཡང་རིམ་པ་ལྡན་པའི་ངང་ཆགས་འདུག་ཅིང་འདུ་ཁང་ཆེན་མོ་དང་བཅས་པའི་གྱང་ངོས་སུ་མིག་དབང་འཕྲོག་པའི་ལྷ་དང་ལྷ་ཡུལ་ཁམས། མི་དང་མི་མ་ཡིན། དམྱལ་བ་དང་དུད་འགྲོ་ལ་སོགས་ཀྱི་ལྡེབས་རིས་རྣམ་པ་སྣ་ཚོགས་བྲིས་འདུག གཞན་ཡང་གཙུག་ལག་ཁང་གི་ནང་རྟེན་ལ་ད་དུང་སྒྲ་ཚད་མ། ནང་དོན་རིག་པ། གསོ་བ་རིག་པ་བཅས་བཅུ་ཕྲག་རིག་གནས་ཀྱི་གླེགས་བམ་ཁྲི་ཕྲག་མང་པོ་རིམ་པ་བཞིན་བརྩེགས་ཡོད་པ་དེ་ནི་བློ་བརྒྱར་སྤྲུལ་ཀྱང་དཔོག་དཀའ་ལ་མིག་བརྒྱས་བལྟས་ཀྱང་མཐའ་མེད་པའི་རིན་ཆེན་གསེར་གྱི་རི་རབ་ཅིག་དང་མཚུངས་སོ།།

དགོན་པ་དེའི་ཆེས་ཆེ་བའི་འདུ་ཁང་ཆེན་མོ་ནི་རིམ་པ་གསུམ་ལྡན་གྱི་ཐོག་ཁང་ཞིག་ཡིན་ལ། གཙུག་ལག་ཁང་ཁྲི་འབུམ་ལས་ཆེས་བརྗིད་ཉམས་ལྡན་པའི་གཙུག་ལག་ཁང་ཞིག་ཡིན། འདུ་ཁང་ཆེན་མོའི་མཐོ་ཚད་ལ་སྨིས་ཉི་ཤུ་ལྷག་ཡོད་པ་དང་རྩིག་པའི་མཐུག་ཚད་ལས་སྨིས་གཉིས་ཡོད། འདུ་ཁང་ཆེན་མོ་དེའི་ནང་སོང་སྟེ་ཞིབ་ཏུ་བརྩིས་ན་ལྷ་སྐུ་སྣ་ཚོགས་དང་རྨ་འབྲུག་སྟག་སེང་སོགས་ཚོན་ལྡན་རི་མོས་བརྒྱན་པའི་རྒྱ་གར་གྱི་ཙན་དན་སྡོང་བོའི་ཀ་ཆེན་བརྒྱ་ཕྲག་དངོས་སུ་མཐོང་ཐུབ། དགོན་པ་དེའི་དགེ་འདུན་པ་ཚོས་བཤད་པ་ལྟར་ན་འདུ་ཁང་ནང་དུ་གྲྭ་པ་ལྔ་བརྒྱ་མཉམ་ཅིག་ཏུ་ཚོགས་ཐུབ་ཟེར།

ཆོས་སྡེ་ཆེན་པོ་དེའི་རྔ་ཁང་དུ་གསེར་རྔ་ཆེན་པོ་ཞིག་ཡོད་པར་གྲགས་ཤིང་། རྔ་བོ་ཆེ་དེ་ནི་གེ་སར་རྒྱལ་པོས་དངོས་སུ་བཀོལ་མྱོང་ཞིང་དགོན་པའི་རྟེན་གཙོ་བོ་ཡིན་པར་བཤད་པ་དང་། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་རྔ་བོ་ཆེན་དེ་རིན་ཐང་ཤིན་ཏུ་ཆེ་བར་གསུངས་པས་ན། དགོན་པས་ཁོང་ཚང་ལ་འབུལ་བ་ཡིན་ཟེར།

ད་དུང་དགོན་སྡེ་དེའི་དཔེ་མཛོད་ཁང་དུ་གསེར་ཆུ་ལས་བྲིས་པའི་《འཕགས་པ་བརྒྱད་སྟོང་བ》ཞིག་ཉར་ཚགས་བྱས་ཡོད་ལ། རྒན་པ་ཚོས་བཤད་པ་ལྟར་ན། གེ་སར་རྒྱལ་པོའི་ཡབ་སེང་བློན་སྐུ་གཤེགས་རྗེས་གཤིན་པོའི་འདས་མཆོད་དུ་ཡིག་མཁན་གདན་འདྲེན་ཞུས་ནས་ཆོས་དཔེ་དེ་བྲིས་ཚར་རྗེས་དགོན་པ་འདིར་འབུལ་བ་ཡིན་པར་གསུངས། ཁོ་བོས་ཀྱང་༡༩༩༡ལོར་པེ་ཅིན་དུ་གེ་སར་བྱ་བའི་གྲུབ་འབྲས་འགྲེམ་སྟོན་བགྱིད་པའི་སྐབས་སུ་ཡུལ་ཤུལ་གྱི་སྒྲུང་པ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་འཁྱེར་ཡོང་བའི་《འཕགས་པ་བརྒྱད་སྟོང་བ་》དངོས་སུ་མཐོང་མྱོང་། དགོན་སྡེ་དེའི་གཡས་ཕྱོགས་ཀྱི་རི་རབ་མཐོན་པོའི་སྐེད་ན་གླིང་གི་དཔའ་རྟུལ་སུམ་ཅུའི་གདུང་བཞུགས་མཆོད་རྟེན་སུམ་ཅུ་ཡོད་ཅིང་། ཁྱད་པར་དུ་མ་བཞི་དཔོན་པོ་ཁྲོ་ཐུང་གི་གདུང་བཞུགས་མཆོད་རྟེན་ནི་ཀུན་ལས་ཆེ་ཞིང་ཁེར་རྐྱང་དུ་བཞེངས་འདུག ཀྲུང་གོ་སྤྱི་ཚོགས་ཚན་རིག་ཐབས་ལ་བརྟེན་ནས་ཐག་བཅད་པ་ལྟར་ན། མཆོད་རྟེན་དེ་དག་གིས་བཟོ་སྐྲུན་ལོ་ཚིགས་ནི་བགྲང་བྱ་སྟོང་གཅིག་ཡོད་པའི་སྡོམ་ཚིག་བཞག ལོ་ཚིགས་དེ་ནི་གེ་སར་རྒྱལ་པོ་སྐུ་འཁྲུངས་པའི་དུས་སྐབས་དང་ཕལ་ཆེར་ཐོ་ཐུག ཡིན་ནའང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་ཐམས་ཅད་སྐུ་འཁྲུངས་པའི་ལོ་ཚིགས་དང་ས་ཁུལ་མི་གཅིག་པས་མཐའ་གཅིག་གིས་དཔལ་རྟུལ་སུམ་ཅུའི་མཆོད་རྟེན་རེད་ཟེར་བའི་ཁ་ཚོན་གཅོད་དཀའ་མོ་འདུག དེའི་ཕྱིར་ཁོ་བོའི་བསམ་པར་དཔའ་རྟུལ་སུམ་ཅུའི་མཆོད་རྟེན་སུམ་ཅུ་དེ་ནི་ཕྱིས་སུ་མི་རྣམས་ཀྱིས་ཁོང་རྣམ་པར་རྗེས་དྲན་ཆེད་དུ་བཞེངས་པ་ཡིན་པར་སྙམ། ངོ་མ། ལོ་རྒྱུས་རིང་ཞིང་བཟོ་དབྱིབས་ལེགས་པའི་དགོན་པ་དེ་སྐྱེ་བོ་སུས་མཐོང་ཡང་བསྔགས་བརྗོད་ཀྱི་མེ་ཏོག་མི་འཐོར་བ་ཞིག་གང་ན་མཆིས། ཁྱད་པར་དུ་དགོན་པའི་ཕྱིའི་ཡུལ་ལྗོངས་དང་ནང་གི་རྟེན་བཟང་གིས་སེམས་ཅན་ཡོངས་ཀྱི་བློ་མིག་ཅིག་ཅར་དུ་འཕྲོག་པས་ན། དེར་སླད་ཆར་ང་ཚོས་འཛམ་གླིང་གེ་སར་རྒྱལ་པོའི་སྐྱེས་རབས་འབྱུང་ཁུངས་དང་ཕུལ་བྱུང་གི་མཛད་རྗེས་སོགས་ལ་ཞིབ་འཇུག་བྱེད་པར་ཡང་བླ་ན་མ་མཆིས་པའི་རིན་ཐང་ཆེན་པོ་ལྡན་པ་ལགས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།