ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2015ལོའི་ཟླ12ཚེས24ཉིན་ལྷ་ས་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)    

《ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས། (2016ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བ) བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གཏན་འབེབས་བྱས་པར། 《ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུ་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལ་ཤུགས་སྣོན་དང་། གནའ་བོའི་གྲོང་སྡེའི་སྲོལ་རྒྱུན་གྱི་རྣམ་པ་སྲུང་སྐྱོབ། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན། གནའ་བོའི་གྲོང་སྡེའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བཅས་བྱ་ཕྱིར་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་། གྲོང་ཁྱེར་འདི་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། གྲོང་ཁྱེར་འདི་གའི་སྲིད་འཛིན་ས་ཁོངས་ནང་གི་གནའ་བོའི་གྲོང་སྡེའི་གོང་འབུལ་སྙན་ཞུ་དང་། འཆར་འགོད། སྲུང་སྐྱོབ། བེད་སྤྱོད་བཅས་བྱ་རྒྱུར་སྲོལ་ཡིག་འདི་སྤྱད་ན་འཐུས།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་གནའ་བོའི་གྲོང་སྡེ་ཞེས་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་དངོས་དང་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོ་ཕུན་སུམ་ཚོགས་པ། ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་དང་། དམིགས་བསལ་གྱི་དམངས་སྲོལ་གོམས་གཤིས་ལྡན་པ། ས་ཁོངས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་རྣམ་པ་ཆ་ཚང་བ་མཚོན་ཐུབ་པའི་སྲོལ་རྒྱུན་གྱི་རང་བྱུང་གྲོང་སྡེ་ལ་ཟེར།

གནའ་བོའི་གྲོང་སྡེ་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།

(གཅིག)གྲོང་སྡེའི་གྲུབ་ཆ་གཙོ་བོ་1959ལོའི་གོང་ལ་ཆགས་ཟིན་པ་དང་། དུས་སྐབས་ངེས་གཏན་ཞིག་གི་ལོ་རྒྱུས་རྣམ་པ་ཅུང་ཆ་ཚང་བའི་སྒོ་ནས་མཚོན་ཐུབ་པ་དང་།

(གཉིས)གྲོང་སྡེའི་ནང་གི་ཆུ་ལམ་ཆུ་རྒྱུད་དང་། ས་ངོས་ཀྱི་གནའ་ཤུལ་ཆགས་ཚུལ། ཁྲོམ་གཞུང་གི་ཁུལ་ཁོངས། བཀོད་པ་ཆགས་ཚུལ་སོགས་གཞི་རྩའི་ཆ་ནས་ཉར་ཚགས་འཐུས་ཚང་ཐུབ་ཡོད་པ།

(གསུམ)ཅུང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་གནའ་ཤུལ་ཉར་ཚགས་ཐུབ་ཡོད་ཅིང་། དེའི་ནང་མངོན་ཡོད་དང་མངོན་མིན་གྱི་རིགས་གཉིས་ཀ་ཚུད་ཡོད།

(བཞི)དེ་མིན་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་གྱི་རིགས།

དོན་ཚན་བཞི་པ། གནའ་བོའི་གྲོང་སྡེར་སྲུང་སྐྱོབ་བྱེད་སྐབས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཁྱོན་ཡོངས་སྲུང་སྐྱོབ། མྱུར་སྐྱོབ་ཨང་དང་པོར་འཛིན་པ། གསོན་རྗེན་རྒྱུན་འཛིན། ལུགས་མཐུན་བེད་སྤྱོད། སྲིད་གཞུང་གི་ཁྲིད་སྟོན། སྤྱི་ཚོགས་ཐེ་ཞུགས་བཅས་བྱེད་པའི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ།

དོན་ཚན་ལྔ་པ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱས་ཏེ། གནའ་བོའི་གྲོང་སྡེར་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་པ་དང་། དེར་མཁོ་བའི་མ་དངུལ་རྣམས་ནོར་སྲིད་སྔོན་རྩིས་ནང་འཇུག་པ་མ་ཟད་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུ།

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཡོངས་འཆར་འགོད་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དོན་འཆར་འགོད་བཟོ་རྒྱུ་དང་། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་རྣམ་གྲངས་ཡོངས་བསྒྲགས་བྱེད་པའི་ཆོག་མཆན་སྤྲོད་དགོས།

དོན་ཚན་དྲུག་པ། གྲོང་ཁྱེར་དང་རྫོང་(ཆུད)གི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པས་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་དང་། བེད་སྤྱོད་འཆར་འགོད་ཐད་ལྟ་འདོམས་བྱེད་པའི་ལས་དོན་གྱི་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ཚན་པ་དང་མཉམ་དུ་སྲོལ་ཡིག་འདི་ལག་བསྟར་བྱ་རྒྱུར་སྒྲིག་འཛུགས་བྱ་རྒྱུ།

གྲོང་ཁྱེར་དང་རྫོང་(ཆུད)གི་སྡོད་ཁང་དང་། གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་ཚན་པས་གནའ་བོའི་གྲོང་སྡེའི་ནང་གི་ཨར་སྐྲུན་བྱ་སྤྱོད་ལ་ལྟ་འདོམས་བྱེད་པའི་འགན་འཁུར་རྒྱུ།

གྲོང་ཁྱེར་དང་རྫོང་(ཆུད)གི་རིག་གནས(རིག་དངོས)གཙོ་འགན་འཁུར་མཁན་ཚན་པས་གནའ་བོའི་གྲོང་སྡེའི་ནང་གི་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། འགྲེམས་སྟོན། བེད་སྤྱོད་བཅས་ལྟ་འདོམས་བྱེད་པའི་འགན་འཁུར་རྒྱུ།

གྲོང་ཁྱེར་དང་རྫོང་(ཆུད)གི་འཕེལ་རྒྱས་སྒྱུར་བཅོས་དང་། ནོར་སྲིད། སྤྱི་བདེ། མེ་ཟོན། ཆུ་བེད། ཞིང་འབྲོག ཁོར་ཡུག་སྲུང་སྐྱོབ། རིག་གནས། ཡུལ་སྐོར། བཟོ་ཚོང་། རྒྱལ་ཁབ་ས་ཆ། ནགས་ལས་སྔོ་འགྱུར། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཚན་པས་རང་སོའི་འགན་འཁྲི་གཞིར་བཟུང་། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུ།

དོན་ཚན་བདུན་པ། རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དོན་འཆར་འགོད་གཞིར་བཟུང་། གཤམ་གསལ་གྱི་འགན་འཁྲི་ལག་བསྟར་བྱ་རྒྱུ་སྟེ།

(གཅིག)གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་འཆར་འགོད་བཟོ་བ་དང་། ཡོངས་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ།

(གཉིས)གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ལག་བསྟར་ཇུས་གཞི་གཏན་འཁེལ་དང་། སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ།

(གསུམ)གནའ་བོའི་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། གནའ་བོའི་གྲོང་སྡེའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་གཏོང་རྒྱུ།

(བཞི)གནའ་བོའི་གྲོང་སྡེའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ། 

(ལྔ)ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)གིས་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ།

དོན་ཚན་བརྒྱད་པ། གནའ་བོའི་གྲོང་སྡེ་གནས་སའི་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)གིས་དོ་དམ་བྱེད་ཁོངས་ཀྱི་རྫོང་(ཆུད)མི་དམངས་སྲིད་གཞུང་གི་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་གཞིར་བཟུང་གཤམ་གསལ་གྱི་འགན་འཁྲི་ལག་བསྟར་བྱ་རྒྱུ་སྟེ། 

(གཅིག)འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དོན་འཆར་འགོད་གཞིར་བཟུང་། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་དྲིལ་བསྒྲགས་ལས་ཀ་ཡག་པོ་སྤེལ་རྒྱུ། 

(གཉིས)གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱས་ནས་སྲུང་སྐྱོབ་རྣམ་གྲངས་ཀྱི་འཆར་འགོད་གཏན་འཁེལ་བཟོ་བའི་སྒྲིག་འཛུགས་བྱ་རྒྱུ། 

(གསུམ)གནའ་བོའི་གྲོང་སྡེའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཐོག་སྙན་ཞུའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ། 

(བཞི)སྤྱི་བདེ་མེ་ཟོན་ཚན་པར་རམ་འདེགས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ། 

(ལྔ)ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལས་དོན་ཡག་པོ་སྤེལ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ།

དོན་ཚན་དགུ་པ། གནའ་བོའི་གྲོང་སྡེ་གནས་སའི་ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་སྲུང་སྐྱོབ་ལས་ཀའི་འགན་འཁུར་རྒྱུ་སྟེ།

(གཅིག)ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)ལ་གཞོགས་འདེགས་བྱས་ནས་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ལག་བསྟར་ཇུས་གཞི་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དང་། 

(གཉིས)གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལས་ཀ་དེ་ཡུལ་སྲོལ་དམངས་ཆིངས་ནང་བཅུག་ནས་གྲོང་མི་རྣམས་ཀྱིས་རིག་དངོས་གནའ་ཤུལ་ལ་སྲུང་སྐྱོབ་བྱེད་པ་དང་ལུགས་མཐུན་ངང་གནའ་བོའི་གྲོང་སྡེའི་ནང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་བེད་སྤྱོད་བྱེད་པའི་རྒྱུན་ལྡན་གྱི་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ། 

(གསུམ)འབྲེལ་ཡོད་ཚན་པར་གཞོགས་འདེགས་བྱས་ནས་གནའ་བོའི་གྲོང་ཚོའི་ཐོན་ཁུངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་དང་བསྡུ་རུབ། ཉམས་ཉེས་དང་ཐར་ཐོར་དུ་གྲམ་པའི་གནའ་བོའི་འཛུགས་སྐྲུན་དངོས་པོའི་གྲུབ་ཆར་སྲུང་སྐྱོབ་སོགས་ཡག་པོ་བྱ་རྒྱུ། 

(བཞི)གནའ་བོའི་གྲོང་སྡེའི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་དང་བདེ་འཇགས་ཉེན་ཟོན་ཐད་ཤུགས་སྣོན་རྒྱག་རྒྱུ། 

(ལྔ)གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་དུས་ཐོག་ཏུ་བཀག་འགོག་བྱ་རྒྱུ། བཀག་སྡོམ་བྱས་ཀྱང་མ་ཉན་ཚེ་དུས་ཐོག་ཏུ་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)ལ་སྙན་སེང་ཞུ་རྒྱུ། 

དོན་ཚན་བཅུ་པ། གྲོང་ཁྱེར་དང་རྫོང་(ཆུད)མི་དམངས་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་ཚན་པས་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལས་དོན་ཁྲོད་མངོན་གསལ་དོད་པའི་ལེགས་སྐྱེས་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

ལེའུ་གཉིས་པ། ཡིག་ཐོག་སྙན་ཞུ་ངོས་འཛིན་དང་འཆར་འགོད་བཟོ་སྒྲིག

དོན་ཚན་བཅུ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་གསུམ་པའི་གཏན་འབེབས་དང་འཚམ་པའི་གྲོང་སྡེ་དང་། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)གིས་གྲོང་སྡེ་གནས་སའི་ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གི་བསམ་འཆར་བསྡུ་ལེན་བྱས་རྗེས་རྫོང་(ཆུད)གི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པར་སྙན་ཞུ་འབུལ་རྒྱུ་དང་། རྫོང་(ཆུད)གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པས་རྫོང་(ཆུད)མི་དམངས་སྲིད་གཞུང་གི་མོས་མཐུན་བྱུང་རྗེས་གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པར་ཡིག་ཐོག་གི་སྙན་ཞུ་འབུལ་རྒྱུ། གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པས་རིག་གནས(རིག་དངོས)གཙོ་གཉེར་ཚན་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་ཚན་པ་དང་མཉམ་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་དཔྱད་དཔོག་དང་རིགས་པས་ཁུངས་སྐྱེལ་བྱས་རྗེས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་ཆོག་མཆན་འགོད་རྒྱུར་སྙན་ཞུ་འབུལ་བ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེ་ཡིན་ཚུལ་ཡོངས་བསྒྲགས་བྱ་རྒྱུ། 

ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གྲོང་སྡེའི་ཡིག་ཐོག་སྙན་ཞུ་འབུལ་བར་གཤམ་གསལ་གྱི་ཡིག་ཆ་མཁོ་འདོན་བྱ་རྒྱུ་སྟེ། 

(གཅིག)གནའ་བོའི་གྲོང་སྡེའི་ལོ་རྒྱུས་འཕེལ་རིམ་དང་། ས་གནས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གསལ་བཤད་དང་།

(གཉིས)སྲོལ་རྒྱུན་གྱི་གནས་བབ་དང་ལོ་རྒྱུས་ཀྱི་རྣམ་པའི་ད་ཡོད་གནས་ཚུལ་གསལ་བཤད།

(གསུམ)རིག་དངོས་གནའ་ཤུལ་གྱི་གསལ་ཐོ།

(བཞི)མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གནས་ཚུལ་གསལ་བཤད།

(ལྔ)སྤྱད་ཟིན་པའི་སྲུང་སྐྱོབ་བྱ་ཐབས་དང་འཆར་གཞིའི་སྲུང་སྐྱོབ་ཁྱབ་ཁོངས།

(དྲུག)དེ་མིན་མཁོ་འདོན་བྱེད་དགོས་པའི་ཡིག་ཆ་གཞན་བཅས།

དོན་ཚན་བཅུ་གཉིས་པ། རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནའ་བོའི་གྲོང་སྡེ་ཡོངས་བསྒྲགས་བྱས་རྗེས་ཀྱི་ལོ་གཅིག་ནང་ཚུན་དུ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་བཟོ་སྒྲིག་ལེགས་འགྲུབ་བྱ་རྒྱུ། 

གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་བཟོ་སྒྲིག་བྱེད་སྐབས་ངེས་པར་དུ་འབྲེལ་ཡོད་ཚན་པ་དང་། རིགས་གཅིག་མཁས་ཅན། གྲོང་མི། སྤྱི་དམངས་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ། 

གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་དེ་ངེས་པར་དུ་ས་ཆ་བེད་སྤྱོད་གཏོང་རྒྱུའི་སྤྱིའི་འཆར་འགོད་དང་། ཤང་(གྲོང་རྡལ)གི་སྤྱིའི་འཆར་འགོད། གྲོང་སྡེའི་འཆར་འགོད། དེ་མིན་གྱི་ཆེད་དོན་འཆར་འགོད་བཅས་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ།

དོན་ཚན་བཅུ་གསུམ་པ། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་ལ་ངེས་པར་དུ་གཤམ་གསལ་གྱི་ནང་དོན་གཙོ་བོ་ཚང་དགོས་པ་སྟེ། 

(གཅིག)སྲུང་སྐྱོབ་ཀྱི་རྩ་དོན་དང་། ནང་དོན། ཁྱབ་ཁོངས་བཅས་དང་། 

(གཉིས)ལྟེ་བའི་སྲུང་སྐྱོབ་ས་ཁོངས་དང་། ཡུལ་ལྗོངས་མཐུན་སྦྱོར་གྱི་ས་ཁོངས། སྲུང་སྐྱོབ་ཚོད་འཛིན་ས་ཁོངས་བཅས་དབྱེ་བཅད་བྱ་རྒྱུ། 

(གསུམ)སྲུང་སྐྱོབ་བྱ་ཐབས་དང་། གསར་སྤེལ་བྱེད་ཤུགས། ཨར་སྐྲུན་ཚོད་འཛིན་གྱི་བླང་བྱ། 

(བཞི)སྲོལ་རྒྱུན་གྱི་རྣམ་པ་དང་ལོ་རྒྱུས་ཉམས་འགྱུར་སྲུང་སྐྱོབ་བྱ་རྒྱུའི་བླང་བྱ། 

(ལྔ)ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོའི་རིགས་དབྱེའི་སྲུང་སྐྱོབ་བྱ་ཐབས། 

(དྲུག)རིག་གནས་འབྱུང་ཁམས་རྒྱུན་འཛིན་དང་གྲོང་གསེབ་ཡུལ་སྐོར་གོང་འཕེལ་གྱི་འཆར་འགོད། 

(བདུན)སྲུང་སྐྱོབ་འཆར་འགོད་ཀྱི་ལག་བསྟར་ཇུས་གཞི། 

(བརྒྱད)རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་། སྒྱུར་བཀོད། མེ་ཟོན་བདེ་འཇགས་ཀྱི་སྲུང་སྐྱོབ་བཅས་བྱ་རྒྱུའི་ཇུས་གཞི། 

(དགུ)དེ་མིན་ཚང་དགོས་པའི་ནང་དོན་གཞན་བཅས།

དོན་ཚན་བཅུ་བཞི་པ། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་ནི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད་རྫོང་(ཆུད)མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ།

གནའ་བོའི་གྲོང་སྡེ་སྲུང་སྐྱོབ་འཆར་འགོད་ལ་བཟོ་བཅོས་རྒྱག་པའི་དགོས་པ་ཡོད་ཚེ་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་བཀོད་གོ་རིམ་གཞིར་བཟུང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྒྱུར་སྙན་འབུལ་ཞུ་རྒྱུ།

ལེའུ་གསུམ་པ། སྲུང་སྐྱོབ་དང་བེད་སྤྱོད།

དོན་ཚན་བཅོ་ལྔ་པ། གནའ་བོའི་གྲོང་སྡེ་དེ་ཉིད་ངེས་པར་དུ་སྤྱི་ཡོངས་ནས་སྲུང་སྐྱོབ་བྱས་ནས་དེའི་སྲོལ་རྒྱུན་གྱི་རྣམ་པ་དང་། ལོ་རྒྱུས་ཀྱི་ཉམས་འགྱུར། ཁུལ་ཁོངས་ཀྱི་ཆེ་ཆུང་བཅས་རྒྱུན་འཁྱོངས་དང་རྒྱུན་མཐུད་ཐུབ་པ་བྱ་རྒྱུ་ལས། དེ་དང་གཅིག་ལ་གཅིག་བརྟེན་དུ་གནས་པའི་རང་བྱུང་མཛེས་ལྗོངས་དང་ཁོར་ཡུག་ལ་འགྱུར་ལྡོག་གཏོང་མི་ཆོག

གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ཁྱབ་ཁོངས་ནང་གི་ས་ཆ་བེད་སྤྱོད་དང་འཛུགས་སྐྲུན་རྣམ་གྲངས་ཁག་ལ་ངེས་པར་དུ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དོན་འཆར་འགོད་ཀྱི་བླང་བྱ་དང་འཚམ་པ་བྱ་རྒྱུ།

རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་དང་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་འཆར་འགོད་གཞིར་བཟུང་། གནའ་བོའི་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ།

དོན་ཚན་བཅུ་དྲུག་པ། གནའ་བོའི་གྲོང་སྡེའི་ནང་གི་ཁང་པ་གསར་བཟོ་དང་སྒྱུར་བཟོ། ཉམས་བཟོ་བཅས་བྱེད་པ་དང་། འཛུགས་སྐྲུན་དངོས་པོ་ལ་མཛེས་བཟོ་བྱེད་པ། རྟགས་བྱང་དང་ཁྲོམ་གནས་བརྡ་ཁྱབ་སྒྲིག་བཀོད་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་ཚེ་ངེས་པར་དུ་གནའ་བོའི་གྲོང་སྡེའི་སྲོལ་རྒྱུན་གྱི་རྣམ་པ་དང་མཐུན་པ་བྱས་ནས་གནའ་བོའི་གྲོང་སྡེའི་སྲོལ་རྒྱུན་གྱི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ།

དོན་ཚན་བཅུ་བདུན་པ། གནའ་བོའི་གྲོང་སྡེའི་ལྟེ་བའི་སྲུང་སྐྱོབ་ས་ཁོངས་དང་། མཛེས་ལྗོངས་མཐུན་སྦྱོར་ས་ཁོངས། སྲུང་སྐྱོབ་ཚོད་འཛིན་ས་ཁོངས་བཅས་ཀྱི་ནང་ཆོག་མཆན་མ་ཐོབ་པར་སྲོལ་རྒྱུན་གྱི་རྣམ་པ་དང་སྤྱི་ཡོངས་ཀྱི་རྣམ་པར་གཏོར་སྐྱོན་ཕོག་པའི་གཤམ་གསལ་གྱི་བྱ་སྤྱོད་ཁག་སྤེལ་མི་ཆོག་སྟེ།

(གཅིག)ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོ་ལ་གཏོར་བཤིག་དང་། རང་དགར་སྤོ་སྒྱུར། བཤིག་བཟོ་བཅས་བྱེད་པ་དང་། 

(གཉིས)གནའ་བོའི་གྲོང་སྡེའི་ལྟེ་བའི་སྲུང་སྐྱོབ་ཁུལ་ཁོངས་ནང་འཛུགས་སྐྲུན་དངོས་པོ་གསར་སྐྲུན་དང་རྒྱས་སྐྲུན་བྱེད་པ། 

(གསུམ)སྲུང་སྐྱོབ་འཆར་འགོད་དུ་གཏན་འཁེལ་བྱས་པའི་འཛུགས་སྐྲུན་དངོས་པོའི་མཐོ་ཚད་དང་། གཤོང་ཚད། ཚོས་གཞི། གྲུབ་ཆ་སོགས་ལས་བརྒལ་ཏེ་གནའ་བོའི་གྲོང་སྡེའི་ཁྱོན་ཡོངས་ཀྱི་རྣམ་པ་དང་མཐོང་རྒྱར་ཤུགས་རྐྱེན་བཟོ་བ། 

(བཞི)རི་བསྔོགས་ནས་རྡོ་དང་གཏེར་ཁ་འདོན་པ་དང་། ནགས་ཁུལ་དང་སྤང་ལྗོངས་བཟུང་སྤྱོད་བྱེད་པ། ཁྲིམས་འགལ་ངང་གནའ་བོའི་ལྗོན་ཤིང་གཅོད་པ་དང་རྩ་སྤོས་རྒྱག་པ། སྦགས་བཙོག་ཡོད་པའི་ཁེ་ལས་འཛུགས་པ། 

(ལྔ)འབར་གས་དང་། འབར་སླ། འཕྲོད་འགྱེད། དུག་གནོད། རུལ་བསླད་བཅས་ཀྱི་རང་བཞིན་ལྡན་པའི་དངོས་རྫས་ཀྱི་བཟོ་གྲྭ་དང་མཛོད་ཁང་སོགས་ཉམས་བཟོ་དང་ཐོན་སྐྱེད། ཉར་ཚགས་བཅས་བྱེད་པ། 

(དྲུག)དེ་མིན་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་ལ་གཏོར་སྐྱོན་ཕོག་པའི་བྱ་སྤྱོད་གཞན་བཅས།

དོན་ཚན་བཅོ་བརྒྱད་པ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ནས་གནའ་བོའི་གྲོང་སྡེའི་ནང་གི་གཏོར་སྐྱོན་ཕོག་ཉེན་ཡོད་པའི་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོ་རྣམས་ལ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་བྱ་རྒྱུ་མ་ཟད། ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་བྱས་པའི་མཇུག་འབྲས་དེ་རྫོང་(ཆུད)རིག་གནས(རིག་དངོས)ཀྱི་གཙོ་འགན་འཁུར་མཁན་ཚན་པར་སྙན་ཞུ་འབུལ་རྒྱུ།

རྫོང་(ཆུད)རིག་གནས(རིག་དངོས)ཀྱི་གཙོ་འགན་འཁུར་མཁན་ཚན་པས་རྫོང་(ཆུད)གི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་ཚན་པ་དང་མཉམ་དུ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་བྱས་པའི་མཇུག་འབྲས་གཞིར་བཟུང་གནའ་བོའི་འཛུགས་སྐྲུན་དངོས་པོ་མྱུར་སྐྱོབ་ཉམས་བཟོ་བྱ་རྒྱུའི་འཆར་གཞི་བཟོ་སྒྲིག་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་གྱི་རིག་གནས(རིག་དངོས)གཙོ་འགན་འཁུར་མཁན་ཚན་པར་སྙན་ཞུ་འབུལ་རྒྱུ། 

གྲོང་ཁྱེར་གྱི་རིག་གནས(རིག་དངོས)གཙོ་འགན་འཁུར་མཁན་ཚན་པས་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་ཚན་པ་དང་མཉམ་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་རིགས་པས་ཁུངས་སྐྱེལ་བྱས་རྗེས་གནའ་བོའི་འཛུགས་སྐྲུན་དངོས་པོ་མྱུར་སྐྱོབ་ཉམས་བཟོ་བྱ་རྒྱུའི་འཆར་གཞིའི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་གཏན་འཁེལ་བཟོས་ནས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་སྤྲོད་རྒྱུར་གོང་འབུལ་ཞུ་རྒྱུ།

དོན་ཚན་བཅུ་དགུ་པ། ཉམས་ཉེས་དང་ཐར་ཐོར་དུ་གྲམ་པའི་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོའི་གྲུབ་ཆ། དེ་བཞིན་གནའ་གྲོང་མིན་པའི་གྲོང་སྡེའི་ནང་གནས་པའི་གནའ་བོའི་འཛུགས་སྐྲུན་དངོས་པོ་ཉུང་ཤས་རྣམས་རིག་གནས(རིག་དངོས)ཀྱི་གཙོ་འགན་འཁུར་མཁན་ཚན་པས་མོས་མཐུན་བྱུང་བ་བརྒྱུད་གནའ་བོའི་གྲོང་སྡེའི་ནང་གནས་སྤོས་བྱས་ནས་སྲུང་སྐྱོབ་བྱས་ན་འགྲིག

དོན་ཚན་ཉི་ཤུ་པ། གནའ་བོའི་གྲོང་སྡེའི་ནང་གི་ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོ་དང་སྡོད་ཁང་གི་བདག་དབང་མི་གསལ་བ་རྣམས་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་བདག་དབང་གཏན་འཁེལ་བྱས་པ་དང་སྦྲགས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྙན་འབུལ་ཞུས་ནས་ཆོག་མཆན་ཐོབ་རྗེས་རྫོང་(ཆུད)གི་རིག་གནས(རིག་དངོས་)གཙོ་འགན་འཁུར་མཁན་ཚན་པས་གྲོང་ཁྱེར་གྱི་རིག་གནས(རིག་དངོས)གཙོ་འགན་འཁུར་མཁན་ཚན་པར་ཐོ་འགོད་སྙན་སེང་ཞུ་རྒྱུ། 

ལོ་རྒྱུས་ཀྱི་འཛུགས་སྐྲུན་དངོས་པོའི་རྒྱུན་ལྡན་དོ་དམ་དང་སྲུང་སྐྱོབ། ཉམས་བཟོ་བཅས་བྱ་རྒྱུར་བདག་དབང་ཡོད་མཁན་མི་སྣས་འགན་འཁུར་རྒྱུ་དང་། བདག་དབང་ཡོད་མཁན་མི་སྣས་སྲུང་སྐྱོབ་དང་ཉམས་བཟོ་བྱེད་པའི་བརྒྱུད་རིམ་ནང་དངོས་འབྲེལ་དཀའ་ངལ་ཡོད་ཚེ་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ཁ་གསབ་འོས་འཚམ་སྤྲོད་རྒྱུ།

དོན་ཚན་ཉེར་གཅིག་པ། རྫོང་(ཆུད)གི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཀྱི་གཙོ་འགན་འཁུར་མཁན་ཚན་པས་རྫོང་(ཆུད)གི་རིག་གནས(རིག་དངོས)གཙོ་འགན་འཁུར་མཁན་ཚན་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་འགན་འཁུར་མཁན་ཚན་པ་དང་མཉམ་དུ་གནའ་བོའི་གྲོང་སྡེ་འགྱུར་ལྡན་བརྟག་འཇལ་བྱ་རྒྱུ་དེ་ཆ་འཕྲིན་ཅན་དུ་དོ་དམ་བྱས་ཏེ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་གནས་ཚུལ་དང་འཆར་འགོད་ལག་བསྟར་བྱས་ཚུལ་ལ་འགྱུར་ལྡན་བརྟག་འཇལ་བྱ་རྒྱུ་མ་ཟད། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཚུལ་ལ་ལོ་འཁོར་མོའི་དཔྱད་དཔོག་བྱ་རྒྱུ། 

འགྱུར་ལྡན་བརྟག་འཇལ་དང་ལོ་འཁོར་མོའི་དཔྱད་དཔོག་ངོས་འཛིན་གཏན་འཁེལ་བྱས་པ་བརྒྱུད་སྲུང་སྐྱོབ་ལས་དོན་ཡག་པོར་བསྒྲུབས་མེད་པའི་དབང་གིས་གནའ་བོའི་གྲོང་སྡེའི་ཐོན་ཁུངས་ལ་གཏོར་སྐྱོར་ཕོག་ཚེ། རྫོང་(ཆུད)གི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་སོགས་ཀྱི་གཙོ་འགན་འཁུར་མཁན་ཚན་པས་དུས་ཐོག་ཏུ་ཐ་ཚིག་སྒྲོག་རྒྱུ། གསར་སྤེལ་བེད་སྤྱོད་བྱ་རྒྱུ་མི་འཚམ་པའི་དབང་གིས་གནའ་བོའི་འཛུགས་སྐྲུན་དངོས་པོ་དང་སྲོལ་རྒྱུན་ཡུལ་ལྗོངས། གནས་སྟངས་བཅས་ལ་གཏོར་སྐྱོན་རང་བཞིན་གྱི་ཤུགས་རྐྱེན་བཟོས་ཚེ།རྫོང་(ཆུས)གི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་སོགས་ཀྱི་གཙོ་འགན་འཁུར་མཁན་ཚན་པས་སྟོངས་ཉེའི་ཉེན་བརྡ་གཏོང་རྒྱུ།

དོན་ཚན་ཉེར་གཉིས་པ། གནའ་བོའི་གྲོང་སྡེའི་ནང་གི་ལོ་རྒྱུས་འཛུགས་སྐྲུན་དངོས་པོའི་མཉམ་སྡེབ་གྱི་ས་ཆའི་སྤྱོད་དབང་དེ། མཉམ་སྡེབ་ཀྱིས་འཛུགས་སྐྲུན་བྱ་རྒྱུའི་ཐད་སྤྱོད་པའི་ས་ཆའི་ངོ་བོ་སོར་བཞག་བྱེད་པའི་བྱ་ཐབས་བརྒྱུད་དེ་སྒྱུར་སྤྲོད་བྱེད་པའམ་ཡང་ན་མཉམ་སྡེབ་གྱི་ས་ཆ་གཞུང་བསྡུ་བྱས་ནས་གཞུང་ཁོངས་ལ་ཚུད་རྗེས་ཁྲིམས་ལྟར་ནང་བཤུག་གཏོང་རྒྱུ། ས་ཆ་ནང་བཤུག་བཏང་བའི་ཁེ་བོགས་དེ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དོན་དུ་སྤྱོད་རྒྱུ།

དོན་ཚན་ཉེར་གསུམ་པ། གྲོང་ཁྱེར་དང་རྫོང་(ཆུས)སྤྱི་བདེའི་མེ་ཟོན་ཚན་པས་མེ་ཟོན་བདེ་འཇགས་དོ་དམ་གྱི་གཏན་འབེབས་དང་ལག་རྩལ་ཚད་གཞིའི་བླང་བྱ་ལྟར་གནའ་བོའི་གྲོང་སྡེའི་ནང་གི་མེ་ཟོན་བདེ་འཇགས་དོ་དམ་གྱི་ལས་དོན་ཡག་པོ་སྤེལ་རྒྱུ།

དོན་ཚན་ཉེར་བཞི་པ། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་གནའ་བོའི་གྲོང་སྡེར་སྲུང་སྐྱོབ་བྱ་རྒྱུའི་ལྟ་སྐུལ་མི་སྣའི་ལམ་ལུགས་བཙུགས་ཏེ་གྲོང་མིའམ་ཡང་ན་འབྲེལ་ཡོད་མི་སྣ་མངགས་གཏོང་བྱས་ནས་ལྟ་སྐུལ་མི་སྣའི་འགན་འཁུར་རྒྱུ།

གནའ་བོའི་གྲོང་སྡེར་སྲུང་སྐྱོབ་བྱེད་མཁན་གྱི་ཆེད་ལས་དང་བླངས་པའི་ཞབས་ཞུའི་དཔུང་ཁག་འཛུགས་རྒྱུའི་སྐུལ་ལྕག་བཏང་སྟེ། གནའ་བོའི་གྲོང་སྡེ་སྲུང་སྐྱོབ་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་ནང་སྤྱི་དམངས་ཡོངས་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ།

དོན་ཚན་ཉེར་ལྔ་པ། རྫོང་(ཆུས)དང་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)གིས་གཞུང་ཁོངས་མ་རྩ་ཁེར་འཇོག་ཀུང་སི་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཀུང་སིའམ་ཡང་ན་གནའ་བོའི་གྲོང་སྡེ་གནས་སའི་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་སྒྲིག་འཛུགས་ཀྱིས་བཙུགས་པའི་མཉམ་སྡེབ་མ་རྐང་ཚོད་འཛིན་ཀུང་སི་བཙུགས་ཏེ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་དང་བེད་སྤྱོད་ནང་ཞུགས་ཆོག

ཁེ་ལས་དང་། བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་མ་འཇོག་དང་། ཐེབས་རྩ་འཇོག་པ། ཞལ་འདེབས་འབུལ་བ། མ་རྐང་འཇོག་པ། བོགས་མར་གཏོང་ལེན། ཐེབས་རྩ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུའི་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ།

དོན་ཚན་ཉེར་དྲུག་པ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)གིས་གནའ་བོའི་གྲོང་སྡེའི་ནང་གི་ཡུལ་མིའི(གྲོང་མི)ཨུ་ལྷན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་གཅིག་གྱུར་འཆར་འགོད་བྱ་རྒྱུ།

ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་དང་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་གནའ་བོའི་གྲོང་སྡེའི་ནང་གི་ཡུལ་མི(གྲོང་མི)ཨུ་ལྷན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་སློབ་སྟོན་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

དོན་ཚན་ཉེར་བདུན་པ། གནའ་བོའི་གྲོང་སྡེའི་ཡུལ་མི(གྲོང་མི)རྣམས་གནའ་བོའི་གྲོང་སྡེའི་ནང་གཞིས་སྡོད་བྱ་རྒྱུར་སྐུལ་ལྕག་བཏང་ནས་གནའ་བོའི་གྲོང་སྡེའི་ནང་གི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ནང་ཞུགས་རྒྱུ་དང་ལུགས་མཐུན་ངང་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་གསར་སྤེལ་གྱི་ཁེ་ཕན་ལོངས་སྤྱོད་བྱ་རྒྱུ། གནའ་བོའི་གྲོང་སྡེའི་རིག་གནས་ཐོན་ལས་གོང་འཕེལ་དང་སྲོལ་རྒྱུན་ལག་ཤེས་བཟོ་ལས་བེད་སྤྱད་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་འོས་འཚམ་གཏོང་རྒྱུ།

གྲོང་ཁྱེར་གྱི་ཡུལ་སྐོར་གཙོ་འགན་འཁུར་མཁན་ཚན་པས་གྲོང་ཁྱེར་རིག་གནས(རིག་དངོས)ཀྱི་གཙོ་འགན་འཁུར་མཁན་ཚན་པས་གནའ་བོའི་གྲོང་སྡེའི་ནང་གི་ལོ་རྒྱུས་དང་། ཚན་རིག སྒྱུ་རྩལ་བཅས་ཀྱི་རིན་ཐང་ལྡན་པའི་གྲོང་མིའི་སྡོད་ཁང་དང་གལ་ཆེའི་དྲན་གསོའི་དོན་སྙིང་ལྡན་པའི་ཕུལ་བྱུང་བཟོ་སྐྲུན། དེ་བཞིན་གྲགས་ཅན་མི་སྣའི་གཟིམ་ཤག་རྙིང་པ་སོགས་ཡིན་ཕྱིན་ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་བྱ་ཡུལ་དང་བྱེད་སྒོ་གཉེར་སྐྱོང་བྱ་ཡུལ་ལ་གཏན་འཁེལ་བྱ་རྒྱུ།

ལེའུ་བཞི་པ། ཁྲིམས་ལུགས་ཀྱི་འགན་འཁྲི།

དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་བདུན་པའི་གཏན་འབེབས་ལས་འགལ་ཚེ་གྲོང་ཁྱེར་གྲོང་གསེབ་འཆར་འགོད་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། རིག་གནས(རིག་དངོས)བཅས་ཀྱི་གཙོ་འགན་འཁུར་མཁན་ཚན་པས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། གྲོང་ཁྱེར་དང་རྫོང་(ཆུས) ཤང་(གྲོང་རྡལ་)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)དང་དེ་བཞིན་འབྲེལ་ཡོད་འགན་འཁྲི་ཚན་པས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཚེ་རིམ་པ་གོང་མའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་ཚན་པས་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ། གནད་དོན་ཚབས་ལྕི་བར་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་སུམ་ཅུ་པ། གྲོང་ཁྱེར་དང་རྫོང་(ཆུས) ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁང་)དང་། དེ་བཞིན་འབྲེལ་ཡོད་འགན་འཁུར་ཚན་པའི་ལས་དོན་མི་སྣས་རང་འཁྲིའི་ལས་འགན་སྣང་མེད་དུ་བཏང་བ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ་དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་འཁུར་མཁན་ཚན་པས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཉེས་ཚད་ལོན་ཚེ་ཁྲིམས་འཛིན་ཚན་པས་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ།

དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བ་དང་། འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ནང་གཏན་འབེབས་བྱས་ཟིན་ཚེ་གཏན་འབེབས་འདིར་བརྩི་སྲུང་ཞུ་རྒྱུ། 

ལེའུ་ལྔ་པ། ཞར་བྱུང་།

དོན་ཚན་སོ་གཉིས་པ། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་གནའ་བོའི་གྲོང་སྡེ་སྲུང་སྐྱོབ་མིང་ཐོའི་དཀར་ཆག་གཏན་འཁེལ་བཟོ་རྒྱུ།

དོན་ཚན་སོ་གསུམ་པ། ངོས་འཛིན་གཏན་འཁེལ་བྱུང་བ་དང་མཆན་འགོད་ཡོངས་བསྒྲགས་བྱས་ཟིན་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་། གྲགས་ཅན་གྲོང་རྡལ། གྲགས་ཅན་གྲོང་སྡེ། དེ་བཞིན་སྲོལ་རྒྱུན་གྲོང་སྡེ་རྣམས་གནའ་བོའི་གྲོང་སྡེའི་མིང་ཐོའི་དཀར་ཆག་ནང་འཇུག་རྒྱུ།

དོན་ཚན་སོ་བཞི་པ། སྲོལ་ཡིག་འདི2016ལོའི་ཟླ6ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།