ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན།(ལྔ་བ།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་བརྒྱ་དང་ཞེ་དགུ་པ། ཕྱོགས་གསུམ་པས་མགོ་སྐོར་གཏོང་བའི་བྱ་སྤྱོད་ཀྱིས། ཕྱོགས་གཅིག་གི་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དུ་བཅུག་པ་དང་། ཅིག་ཤོས་ཀྱིས་མགོ་སྐོར་ཐེབས་པ་ཤེས་པའམ་ཡང་ན་ཤེས་འོས་ན། མགོ་སྐོར་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་འདུན་འདོན་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་ལྔ་བཅུ་པ། ཕྱོགས་གཅིག་དང་ཡང་ན་ཕྱོགས་གསུམ་པས་འཇིགས་སྐུལ་བྱེད་ཐབས་སྤྱད་དེ། ཕྱོགས་གཅིག་གི་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དུ་བཅུག་ན། འཇིགས་སྐུལ་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་འདུན་འདོན་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་ང་གཅིག་པ།ཕྱོགས་གཅིག་གིས་ཅིག་ཤོས་དེ་ཉེན་ཁའི་གནས་སུ་ལུས་པ་དང་། དབྱེ་འབྱེད་ནུས་པ་མེད་པའི་གོ་སྐབས་བེད་སྤྱད་དེ།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འགྲུབ་ཏུ་བཅུག་པ་དེ་འདྲ་མཉམ་ཡོང་མེད་ན། གནོད་འཚེ་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་འདུན་འདོན་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་ང་གཉིས་པ།གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། ཕྱིར་འཐེན་བྱེད་རྒྱུའི་དབང་ཆ་མེད་པར་འགྱུར་འགྲོ་བ་ཡིན།

(1)དོ་བདག་པས་ཕྱིར་འཐེན་བྱེད་ཆོག་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་བའི་ལོ་གཅིག་གི་ནང་དང་། གོ་ནོར་ཚབས་ཆེན་ཐེབས་པའི་དོ་བདག་པས་ཕྱིར་འཐེན་བྱེད་ཆོག་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་བའི་ཟླ་གསུམ་ནང་ཕྱིར་འཐེན་དབང་ཆ་མ་སྤྱད་པ།

⑵ དོ་བདག་པར་འཇིགས་སྐུལ་ཐེབས་ན། འཇིགས་སྐུལ་མཚམས་བཞག་པའི་ཉིན་དེ་ནས་བཟུང་བའི་ལོ་གཅིག་གི་ནང་ཕྱིར་འཐེན་དབང་ཆ་མ་སྤྱད་པ།

⑶ དོ་བདག་པས་ཕྱིར་འཐེན་བྱེད་ཆོག་པ་ཤེས་རྗེས་ཕྱིར་འཐེན་དབང་ཆ་འདོར་རྒྱུའི་བསམ་ཚུལ་གསལ་པོར་བསྟན་པའམ་ཡང་ན་རང་ཉིད་ཀྱི་བྱ་སྤྱོད་སྟེང་ནས་དོར་བའི་བསམ་པ་བསྟན་པ།

དོ་བདག་པས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གྲུབ་པའི་ཉིན་དེ་ནས་བཟུང་བའི་ལོ་ལྔའི་ནང་ཕྱིར་འཐེན་དབང་ཆ་མ་སྤྱད་ན། ཕྱིར་འཐེན་དབང་ཆ་མེད་པར་གྱུར་པ་ཡིན།

དོན་ཚན་བརྒྱ་དང་ང་གསུམ་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་འགལ་བའི་སྒོ་ནས་བཙན་ཤེད་ཀྱིས་གཏན་འཁེལ་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན་མོད། འོན་ཀྱང་བཙན་ཤེད་ཀྱི་གཏན་འཁེལ་དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ནུས་མེད་དུ་གཏོང་མི་ཐུབ་པ་ཕུད་དགོས།

སྤྱིའི་སྒྲིག་ལམ་དང་ཡང་ན་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན།

དོན་ཚན་བརྒྱ་དང་ང་བཞི་པ། བྱ་སྤྱོད་མི་དང་ལྟོས་བཅས་ཀྱི་མི་གཉིས་ཀྱིས་བསམ་ངན་གྱིས་ངན་འབྲེལ་བྱས་ཏེ།མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན།

དོན་ཚན་བརྒྱ་དང་ང་ལྔ་པ། ནུས་མེད་དུ་བཏང་བའམ་ཡང་ན་ཕྱིར་འཐེན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནམ་ཡང་བཅའ་ཁྲིམས་ཀྱི་གཅུན་ནུས་མེད།

དོན་ཚན་བརྒྱ་དང་ང་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཆ་ཤས་ལ་ནུས་པ་མེད་པ་དེས། ཆ་ཤས་གཞན་དག་གི་ནུས་པར་གནོད་པ་མེད་ན། ཆ་ཤས་གཞན་དག་དེར་སྔར་བཞིན་ནུས་པ་ལྡན་པ་ཡིན།

དོན་ཚན་བརྒྱ་དང་ང་བདུན་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མེད་པའམ་ཕྱིར་འཐེན་བྱས་པ་དང་ཡང་ན་ནུས་པ་མེད་པ་གཏན་འཁེལ་བྱས་རྗེས། བྱ་སྤྱོད་མིས་བྱ་སྤྱོད་དེ་ལས་ཐོབ་པའི་རྒྱུ་ནོར་རྣམས་ངེས་པར་ཕྱིར་སློག་དགོས། ཕྱིར་སློག་བྱེད་ཐབས་མེད་པའམ་ཡང་ན་ཕྱིར་སློག་བྱེད་དགོས་དོན་མེད་ན། རིན་གོང་བཅག་ནས་སྐྱིན་ཚབ་འཇལ་དགོས། ནོར་འཁྲུལ་ཡོད་པའི་ཕྱོགས་ཀྱིས་དེའི་དབང་གིས་ཐེབས་པའི་ཅིག་ཤོས་ཀྱི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པ་དང་། ཕྱོགས་གཉིས་ཀར་ནོར་འཁྲུལ་ཡོད་ན། རང་རང་གིས་འཁུར་འོས་པའི་དེ་བསྟུན་གྱི་འོས་འགན་འཁུར་དགོས། བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།

ས་བཅད་བཞི་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ཟུར་གཏོགས་ཆ་རྐྱེན་དང་ཟུར་གཏོགས་དུས་ཡུན།

དོན་ཚན་བརྒྱ་དང་ང་བརྒྱད་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཟུར་གཏོགས་ཆ་རྐྱེན་འདོན་ཆོག་མོད། འོན་ཀྱང་དེའི་ངོ་བོའི་དབང་གིས་ཟུར་གཏོགས་ཆ་རྐྱེན་འདོན་མི་ཆོག་པ་ཕུད་དགོས།གོ་ཆོད་ཆ་རྐྱེན་བཏོན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་དེ་འཛོམས་ཚེ་ནུས་པ་ཐོན་པ་དང་། མཚམས་འཇོག་ཆ་རྐྱེན་བཏོན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་དེ་འཛོམས་ཚེ་ནུས་པ་མེད་པར་གྱུར་འགྲོ།

དོན་ཚན་བརྒྱ་དང་ང་དགུ་པ། ཆ་རྐྱེན་བཏོན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ། དོ་བདག་པས་རང་གི་ཁེ་ཕན་གྱི་ཆེད་དུ་ཆ་རྐྱེན་འཛོམ་པར་ཚུལ་མིན་གྱི་འགོག་རྐྱེན་བཟོས་ན། ཆ་རྐྱེན་འཛོམ་པར་ངོས་འཛིན་དགོས་པ་དང་། ཚུལ་མིན་སྒོས་ཆ་རྐྱེན་འཛོམ་དུ་བཅུག་ན། ཆ་རྐྱེན་མི་འཛོམ་པར་ངོས་འཛིན་དགོས།

དོན་ཚན་བརྒྱ་དང་དྲུག་ཅུ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཟུར་གཏོགས་དུས་ཡུན་གཏན་འཁེལ་བྱེད་ཆོག་མོད། འོན་ཀྱང་དེའི་ངོ་བོའི་དབང་གིས་ཟུར་གཏོགས་དུས་ཡུན་གཏན་འཁེལ་བྱེད་མི་ཆོག་པ་ཕུད་དགོས། གོ་ཆོད་དུས་ཡུན་གཏན་འཁེལ་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་ཡུན་དེ་ལོངས་ཚེ་ནུས་པ་ཐོན་པ་དང་། མཚམས་འཇོག་དུས་ཡུན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་ཡུན་དེ་ལོན་རྗེས་ནུས་པ་མེད་པར་གྱུར་འགྲོ།

ལེའུ་བདུན་པ། འཐུས་ཚབ།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།

དོན་ཚན་བརྒྱ་དང་རེ་གཅིག་པ། དམངས་དོན་བྱེད་པོས་འཐུས་ཚབ་པ་བརྒྱུད་དེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག

བཅའ་ཁྲིམས་ཀྱི་གཏན་འཁེལ་ལམ་དོ་བདག་པའི་ཁ་ཆད་དང་ཡང་ན་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོ་ལྟར། ངེས་པར་མི་རང་ཉིད་ཀྱིས་དངོས་སུ་ལག་བསྟར་བྱེད་དགོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་འཐུས་ཚབ་བྱེད་མི་ཆོག

དོན་ཚན་བརྒྱ་དང་རེ་གཉིས་པ། འཐུས་ཚབ་པས་འཐུས་ཚབ་དབང་མཚམས་ཀྱི་ནང་དུ། འཐུས་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱས་ན། འཐུས་ཚབ་བྱ་ཡུལ་ལ་ནུས་པ་ཐོན་པ་ཡིན།

དོན་ཚན་བརྒྱ་དང་རེ་གསུམ་པ། འཐུས་ཚབ་ལ་མངགས་བཅོལ་འཐུས་ཚབ་དང་ཁྲིམས་བཀོད་འཐུས་ཚབ་གཉིས་འདུས།

མངགས་བཅོལ་འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་མངགས་བཅོལ་ལྟར་འཐུས་ཚབ་དབང་ཆ་བཀོལ་སྤྱོད་བྱེད་དགོས་པ་དང་། ཁྲིམས་བཀོད་འཐུས་ཚབ་པས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་འཐུས་ཚབ་དབང་ཆ་བཀོལ་དགོས།

དོན་ཚན་བརྒྱ་དང་རེ་བཞི་པ། འཐུས་ཚབ་པས་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་འགན་འཁྲི་ཆ་ཚང་ལག་བསྟར་མ་བྱས་པར།འཐུས་ཚང་བྱ་ཡུལ་ལ་གནོད་འཚེ་བཏང་ན། ངེས་པར་དམངས་དོན་འགན་འཁྲི་འཁུར་དགོས།

འཐུས་ཚབ་པ་དང་ལྟོས་བཅས་ཀྱི་མི་གཉིས་ཀྱིས་བསམ་ངན་གྱིས་ངན་འབྲེལ་བྱས་ཏེ། འཐུས་ཚབ་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན། འཐུས་ཚབ་པ་དང་ལྟོས་བཅས་ཀྱི་མིས་ངེས་པར་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།

ས་བཅད་གཉིས་པ། མངགས་བཅོལ་འཐུས་ཚབ།

དོན་ཚན་བརྒྱ་དང་རེ་ལྔ་པ། མངགས་བཅོལ་འཐུས་ཚབ་པར་དབང་ཆ་བཅོལ་སྐབས་ཡིག་ངོས་ཀྱི་རྣམ་པ་སྤྱད་ཡོད་ན། དབང་ཆ་བཅོལ་བའི་མངགས་བཅོལ་ཡི་གེའི་སྟེང་དུ་འཐུས་ཚབ་པའི་མིང་ངམ་ཡང་ན་རུས་མིང་དང་། མངགས་བཅོལ་དོན་བྱ། དབང་མཚམས་དང་དུས་ཡུན་སོགས་གསལ་པོར་འབྲི་དགོས་པར་མ་ཟད་འཐུང་ཚབ་བྱ་ཡུལ་གྱིས་མིང་རྟགས་འགོད་པ་དང་ཐེལ་ཙེ་བརྒྱག་དགོས།

དོན་ཚན་བརྒྱ་དང་རེ་དྲུག་པ།མི་འགའ་ཡིས་འཐུས་ཚབ་དོན་བྱ་གཅིག་ལ་འཐུས་ཚབ་བྱས་ཡོད་ན། འཐུས་ཚབ་དབང་ཆ་མཉམ་དུ་བཀོལ་དགོས་མོད། འོན་ཀྱང་དོ་བདག་པར་ཁ་ཆད་གཞན་པ་ཡོད་པ་ཕུད་དགོས།

དོན་ཚན་བརྒྱ་དང་རེ་བདུན་པ། འཐུས་ཚབ་པས་འཐུས་ཚབ་དོན་བྱ་དེ་ཁྲིམས་དང་འགལ་འདུག་པ་ཤེས་པའམ་ཡང་ན་ཤེས་འོས་ན་ཡང་མུ་མཐུད་དུ་འཐུས་ཚབ་བྱ་སྤྱོད་ལག་བསྟར་བྱས་པ་དང་། ཡང་ན་འཐུས་ཚབ་བྱ་ཡུལ་གྱིས་འཐུས་ཚབ་པའི་འཐུས་ཚབ་བྱ་སྤྱོད་དེ་ཁྲིམས་དང་འགལ་འདུག་པ་ཤེས་པའམ་ཡང་ན་ཤེས་འོས་ན་ཡང་ཨ་ལན་སློག་པའི་བསམ་ཚུལ་ཅི་ཡང་མ་བསྟན་ན། འཐུས་ཚབ་བྱ་ཡུལ་དང་འཐུས་ཚབ་པ་གཉིས་ཀས་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་རེ་བརྒྱད་པ། འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་རང་ཉིད་ཀྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་མི་ཆོག་མོད། འོན་ཀྱང་འཐུས་ཚབ་བྱ་ཡུལ་དེ་འཐད་པ་བྱུང་བ་དང་ཡང་ན་རྗེས་སུ་ཁས་བླངས་པ་ཕུད་དགོས།འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་རང་ཉིད་ཀྱིས་མཉམ་དུ་འཐུས་ཚབ་བྱེད་ཀྱིན་པའི་མི་གཞན་དག་གི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་མི་ཆོག་མོད། འོན་ཀྱང་འཐུས་ཚབ་བྱ་ཡུལ་གྱི་ཕྱོགས་གཉིས་ཀ་འཐད་པ་བྱུང་བ་དང་ཡང་ན་རྗེས་སུ་ཁས་བླངས་པ་ཕུད་དགོས།

དོན་ཚན་བརྒྱ་དང་རེ་དགུ་པ།འཐུས་ཚབ་པས་མངགས་བཅོལ་བརྒྱུད་སྤྲོད་བྱས་ཏེ་ཕྱོགས་གསུམ་པོར་འཐུས་ཚབ་བྱེད་དུ་འཇུག་དགོས་ན། ངེས་པར་འཐུས་ཚབ་བྱ་ཡུལ་འཐད་པ་བྱུང་བའམ་ཡང་ན་རྗེས་སུ་ཁས་ལེན་དགོས།

མངགས་བཅོལ་བརྒྱུད་སྤྲོད་བྱས་པར་འཐུས་ཚབ་བྱ་ཡུལ་འཐད་པ་བྱུང་བའམ་ཡང་ན་རྗེས་སུ་ཁས་བླངས་ན། འཐུས་ཚབ་བྱ་ཡུལ་གྱིས་འཐུས་ཚབ་དོན་བྱ་རྣམས་ཐད་ཀར་མངགས་བཅོལ་བརྒྱུད་སྤྲོད་བྱས་པའི་ཕྱོགས་གསུམ་པ་དེར་བཅོལ་ཆོག་པ་དང་། འཐུས་ཚབ་པས་ཕྱོགས་གསུམ་པའི་འདེམ་འཁུར་དང་ཡང་ན་ཕྱོགས་གསུམ་པའི་མངགས་བཅོལ་དེ་ཁོ་ནར་འགན་འཁུར་དགོས།

མངགས་བཅོལ་བརྒྱུད་སྤྲོད་བྱས་པའི་འཐུས་ཚབ་པར་འཐུས་ཚབ་བྱ་ཡུལ་གྱི་འཐད་པ་མ་བྱུང་བ་དང་རྗེས་ཀྱི་ཁས་ལེན་མ་ཐོབ་ན། འཐུས་ཚབ་པས་མངགས་བཅོལ་བརྒྱུད་སྤྲོད་བྱས་པའི་ཕྱོགས་གསུམ་པའི་བྱ་སྤྱོད་ལ་འགན་འཁྲི་འཁུར་དགོས་མོད། འོན་ཀྱང་གནས་ཚུལ་ཛ་དྲག་གི་འོག་ཏུ་འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད་ཕྱོགས་གསུམ་པར་མངགས་བཅོལ་བརྒྱུད་སྤྲོད་བྱས་པ་ཕུད་དགོས།

དོན་ཚན་བརྒྱ་དང་བདུན་ཅུ་པ།ལག་བསྟར་ཁྲིམས་མི་དང་ཡང་ན་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་ལས་འགན་ཁུར་ཡོད་པའི་ལས་བྱེད་པས། དེས་འགན་དབང་ཁྱབ་ཁོངས་ནང་གི་དོན་བྱ་ལ། ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱས་ན། ཁྲིམས་མི་དང་ཡང་ན་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་ནུས་པ་ཐོན་པ་ཡིན།

ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་དེའི་བྱ་བའི་ལས་འགན་ལག་བསྟར་བྱེད་ཀྱིན་པའི་མི་སྣའི་འགན་དབང་ཁྱབ་ཁོངས་གི་དབང་མཚམས་ཐད་ནས། བསམ་བཟང་གི་ལྟོས་བཅས་ཀྱི་མི་ལ་དགག་ལན་སྤྲད་མི་ཆོག

དོན་ཚན་བརྒྱ་དང་དོན་གཅིག་པ། བྱ་སྤྱོད་མིས་འཐུས་ཚབ་དབང་ཆ་མེད་པ་དང་འཐུས་ཚབ་དབང་ཆ་ལས་བརྒལ་བ། འཐུས་ཚབ་དབང་ཆའི་མཚམས་བཞག་པ་བཅས་ཀྱི་གནས་ཚུལ་འོག སྔར་བཞིན་འཐུས་ཚབ་བྱ་སྤྱོད་ལག་བསྟར་བྱས་པ་དང་། འཐུས་ཚབ་བྱ་ཡུལ་གྱིས་རྗེས་སུ་ཁས་ལེན་མ་བྱས་ན། འཐུས་ཚབ་བྱ་ཡུལ་ལ་ནུས་པ་མ་ཐོན་པ་ཡིན།

ལྟོས་བཅས་ཀྱི་མིས་འཐུས་ཚབ་བྱ་ཡུལ་ལ་བརྡ་སྦྱོར་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཟླ་གཅིག་གི་ནང་རྗེས་སུ་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་ཆོག འཐུས་ཚབ་བྱ་ཡུལ་གྱིས་ཨ་ལན་གང་ཡང་མ་བྱིན་ན། ཁས་མ་བླངས་པར་ངོས་འཛིན་དགོས།བྱ་སྤྱོད་མིས་ལག་བསྟར་བྱས་པའི་བྱ་སྤྱོད་དེ་རྗེས་སུ་ཁས་ལེན་མ་བྱེད་པའི་སྔོན་ལ། བསམ་བཟང་གི་ལྟོས་བཅས་ཀྱི་མི་ལ་ཕྱིར་འཐེན་བྱེད་རྒྱུའི་དབང་ཆ་ཡོད་ལ།ཕྱིར་འཐེན་བྱེད་སྐབས་ངེས་པར་བརྡ་སྦྱོར་གཏོང་བའི་བྱེད་ཐབས་སྤྱོད་དགོས།

བྱ་སྤྱོད་མིས་ལག་བསྟར་བྱས་པའི་བྱ་སྤྱོད་རྗེས་སུ་ཁས་ལེན་མ་བྱས་ན། བསམ་བཟང་གི་ལྟོས་བཅས་ཀྱི་མི་ལ་བྱ་སྤྱོད་མིས་བུ་ལོན་ལག་བསྟར་བྱེད་པའམ་ཡང་ན་ཁོར་ཐེབས་པའི་གྱོང་གུན་ལ་བྱ་སྤྱོད་མིས་སྐྱིན་ཚབ་འཇག་དགོས་པའི་རེ་འདུན་འདོན་རྒྱུའི་དབང་ཆ་ཡོད་མོད། འོན་ཀྱང་སྐྱིན་ཚབ་ཀྱི་ཁྱབ་ཁོངས་ནི་འཐུས་ཚབ་བྱ་ཡུལ་གྱིས་རྗེས་སུ་ཁས་ལེན་བྱེད་སྐབས་ལྟོས་བཅས་ཀྱི་མིར་ཐོབ་པའི་ཁེ་ཕན་ལས་བརྒལ་མི་རུང་།

ལྟོས་བཅས་ཀྱི་མིས་བྱ་སྤྱོད་མི་ལ་འཐུས་ཚབ་བྱེད་རྒྱུའི་དབང་ཆ་མེད་པ་ཤེས་པའམ་ཡང་ན་ཤེས་འོས་ན། ལྟོས་བཅས་ཀྱི་མི་དང་བྱ་སྤྱོད་མི་གཉིས་ཀྱིས་རང་རང་གི་ནོར་འཁྲུལ་ལ་འགན་འཁུར་དགོས།

དོན་ཚན་བརྒྱ་དང་དོན་གཉིས་པ།བྱ་སྤྱོད་མིས་འཐུས་ཚབ་དབང་ཆ་མེད་པ་དང་འཐུས་ཚབ་དབང་ཆ་ལས་བརྒལ་བ། འཐུས་ཚབ་དབང་ཆའི་མཚམས་བཞག་པ་བཅས་ཀྱི་གནས་ཚུལ་འོག སྔར་བཞིན་འཐུས་ཚབ་བྱ་སྤྱོད་ལག་བསྟར་བྱས་པ་དང་། ལྟོས་བཅས་ཀྱི་མི་དེ་བྱ་སྤྱོད་མི་ལ་འཐུས་ཚབ་དབང་ཆ་ཡོད་པར་ཡིད་ཆེས་པའི་གནས་ལུགས་ཡོད་ན། འཐུས་ཚབ་བྱ་སྤྱོད་དེར་ནུས་པ་ལྡན་པ་ཡིན།

ས་བཅད་གསུམ་པ། འཐུས་ཚབ་བྱེད་མཚམས་འཇོག་པ།

དོན་ཚན་བརྒྱ་དང་དོན་གསུམ་པ།གཤམ་གྱི་གནས་ཚུལ་གྲས་ཀྱི་གཅིག་ལྡན་ན། མངགས་བཅོལ་འཐུས་ཚབ་ཀྱི་མཚམས་བཞག་པ་ཡིན།

⑴ འཐུས་ཚབ་དུས་ཡུན་ལོན་པའམ་ཡང་ན་འཐུས་ཚབ་ལས་དོན་མཇུག་རྫོགས་པ།

⑵ འཐུས་ཚབ་བྱ་ཡུལ་གྱིས་མངགས་བཅོལ་མི་དགོས་པར་བཟོས་པའམ་ཡང་ན་འཐུས་ཚབ་པས་མངགས་བཅོལ་དགོངས་ཞུ་ཕུལ་བ།

⑶ འཐུས་ཚབ་པའི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཤོར་བ།

⑷ འཐུས་ཚབ་པ་དང་ཡང་ན་འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་པ།

⑸ འཐུས་ཚབ་པ་དང་ཡང་ན་འཐུས་ཚབ་བྱ་ཡུལ་གྱི་ཁྲིམས་མིའམ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་མཚམས་བཞག་པ།

དོན་ཚན་བརྒྱ་དང་དོན་བཞི་པ། འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་རྗེས། གཤམ་གྱི་གནས་ཚུལ་གྲས་ཀྱི་གཅིག་ལྡན་ན། མངགས་བཅོལ་འཐུས་ཚབ་པས་ལག་བསྟར་བྱས་པའི་འཐུས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།

⑴ འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་པ་མི་ཤེས་པའམ་ཡང་ན་ཤེས་མི་འོས་པ།

⑵ འཐུས་ཚབ་བྱ་ཡུལ་གྱི་རྒྱུན་འཛིན་པས་ཁས་བླངས་པ།

⑶ དབང་ཆ་བཅོལ་སྐབས་འཐུས་ཚབ་དབང་ཆ་དེ་འཐུས་ཚབ་ལས་དོན་མཇུག་རྫོགས་རྗེས་མཚམས་འཇོག་དགོས་པ་གསལ་པོར་བཀོད་ཡོད་པ།

⑷ འཐུས་ཚབ་བྱ་ཡུལ་ཚེ་ལས་མ་འདས་གོང་ལག་བསྟར་བྱས་ཟིན་པ་དང་། འཐུས་ཚབ་བྱ་ཡུལ་གྱི་རྒྱུན་འཛིན་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་མུ་མཐུད་དུ་འཐུས་ཚབ་བྱེད་པ།

འཐུས་ཚབ་བྱ་ཡུལ་གྱི་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་མཚམས་བཞག་ན། གོང་གི་གཏན་འཁེལ་དེ་སྤྱོད་པར་འཚམ།

དོན་ཚན་བརྒྱ་དང་དོན་ལྔ་པ། གཤམ་གྱི་གནས་ཚུལ་གྲས་ཀྱི་གཅིག་ལྡན་ན། ཁྲིམས་བཀོད་འཐུས་མིའི་མཚམས་བཞག་པ་ཡིན།

⑴ འཐུས་ཚབ་བྱ་ཡུལ་ལ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་ཐོབ་པའམ་ཡང་ན་སླར་གསོ་བྱུང་བ།

⑵ འཐུས་ཚབ་པའི་དམངས་དོན་བྱ་སྤྱོད་ནུས་པ་ཤོར་བ།

⑶ འཐུས་ཚབ་པ་དང་ཡང་ན་འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་པ།

⑷ བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་གནས་ཚུལ་གཞན་དག

ལེའུ་བརྒྱད་པ། དམངས་དོན་འགན་འཁྲི།

དོན་ཚན་བརྒྱ་དང་དོན་དྲུག་པ། དམངས་དོན་བྱེད་པོས་བཅའ་ཁྲིམས་ནང་གི་གཏན་འཁེལ་དང་དོ་བདག་པའི་ཁ་ཆད་ལྟར། དམངས་དོན་འོས་འགན་ལག་བསྟར་བྱེད་པ་དང་དམངས་དོན་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་དོན་བདུན་པ། མི་གཉིས་ཡན་གྱིས་ཁྲིམས་ལྟར་སྐབས་བབ་ཀྱི་འགན་འཁྲི་འཁུར་དགོས་པར། འགན་འཁྲིའི་ཆེ་ཆུང་ཐག་གཅོད་བྱེད་ཐུབ་ན། རང་རང་གིས་དེ་བསྟུན་གྱི་འགན་འཁྲི་འཁུར་དགོས་པ་དང་། འགན་འཁྲི་ཆེ་ཆུང་ཐག་གཅོད་བྱེད་མི་ཐུབ་ན།ཆ་སྙོམས་ཀྱིས་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་དོན་བརྒྱད་པ།མི་གཉིས་ཡན་གྱིས་ཁྲིམས་ལྟར་འབྲེལ་ཐེབས་འགན་འཁྲི་འཁུར་དགོས་ན། ཁེ་དབང་མི་ལ་འབྲེལ་ཐེབས་འགན་འཁྲི་མི་ཁ་ཤས་དང་ཡང་ན་ཡོངས་རྫོགས་ཀྱིས་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་པའི་དབང་ཆ་ཡོད།

འབྲེལ་ཐེབས་འགན་འཁྲི་མིའི་འགན་འཁྲི་འཁུར་ཚད་དེ་རང་རང་གི་འགན་འཁྲིའི་ཆེ་ཆུང་ལྟར་ཐག་གཅོད་དགོས་པ་དང་། འགན་འཁྲི་ཆེ་ཆུང་ཐག་གཅོད་མི་ཐུབ་ན། ཆ་སྙོམས་ཀྱིས་འཁུར་དགོས། དོན་དངོས་ཀྱི་འགན་འཁྲི་འཁུར་བའི་ཚད་དེ་རང་ཉིད་ཀྱི་འགན་འཁྲིའི་ཚད་ལས་བརྒལ་བའི་འབྲེལ་ཐེབས་འགན་འཁྲི་མི་ལ། འབྲེལ་ཐེབས་འགན་འཁྲི་མི་གཞན་དག་གི་ལག་ནས་འདེད་རྒྱུའི་དབང་ཆ་ཡོད།

འབྲེལ་ཐེབས་འགན་འཁྲི་ནི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པ་དང་ཡང་ན་དོ་བདག་པས་ཁ་ཆད་འཇོག་དགོས།

དོན་ཚན་བརྒྱ་དང་དོན་དགུ་པ། དམངས་དོན་འགན་འཁྲི་འཁུར་ཐབས་ལ་གཙོ་བོ་འདི་དག་ཡོད་དེ།

⑴ གནོད་འཚེ་གཏོང་མཚམས་འཇོག་པ།

⑵ འགོག་རྐྱེན་མེད་པར་བཟོ་བ།

⑶ ཉེན་ཁ་མེད་པར་བཟོ་བ།

⑷ རྒྱུ་ནོར་ཕྱིར་སློག་པ།

⑸ གནས་བབ་སླར་གསོ་བྱེད་པ།

⑹ ཞིག་གསོ་དང་བསྐྱར་ལས།ཡང་ན་བརྗེ་སྤོ་བཅས་བྱེད་པ།

⑺ མུ་མཐུད་དུ་ལག་བསྟར་བྱེད་པ།

⑻ གྱོང་གུན་ལ་སྐྱིན་ཚབ་འཇལ་བ།

⑼ ཁ་ཆད་དང་འགལ་བའི་སྐྱིན་ཚབ་དངུལ་སྟེར་བ།

⑽ གནོད་འཚེ་མེད་པར་བཟོ་བ་དང་མཚན་སྙན་སླར་གསོ་བྱེད་པ།

⑾ དགོངས་དག་ཞུ་བ།

བཅའ་ཁྲིམས་ནང་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་གཏན་འཁེལ་བྱས་ཡོད་ན། དེའི་གཏན་འཁེལ་ལ་བསྟུན་དགོས།

དོན་ཚན་འདིའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་དམངས་དོན་འགན་འཁྲི་འཁུར་བའི་བྱེད་སྟངས་ནི། ཁེར་རྐྱང་གིས་སྤྱད་ཆོག་ལ། མཉམ་དུ་སྤྱད་ནའང་ཆོག 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།