ཀྲུང་གོ་བོད་ཀྱི་དྲ་བ།

གཉེན་སྒྲིག་རང་དབང་ལ་དྲག་ཤུགས་དང་འཇུགས་སྐུལ་བཏང་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

དཔལ་ཆེན་ཐར་དང་ཤེས་རབ་སྒྲོལ་མ་གཉིས་ནི་སྡེ་བ་གཅིག་དང་། རྩེད་ར་གཅིག སློབ་གྲྭ་གཅིག་ནས་ནར་སོན་པས་ཕན་ཚུན་ལ་བརྩེ་འདང་ཤིན་ཏུ་ཆེ། འོན་ཀྱང་ཤེས་རབ་སྒྲོལ་མའི་སེམས་ལ་ཁོ་གཉིས་མིང་སྲིང་དང་། རྩེད་གྲོགས། སློབ་གྲོགས་ཡིན་པ་ལས་མཛའ་གྲོགས་ཀྱི་འབྲེལ་བ་ཆགས་མེད། ན་ནིང་ལོ་སར་གྱི་སྐབས་སུ། ཤེས་རབ་སྒྲོལ་མས་རྫོང་མཁར་དང་ཐག་ཉེ་བའི་ཞི་ལི་ཞིག་ངོ་ཤེས་པ་མ་ཟད་དེ་ལ་བརྩེ་སེམས་ཀྱི་འདུན་མ་བཅངས་ཏེ་མི་ཚེ་ཡི་སྐྱ་ཡ་རུ་བདམས། དཔལ་ཆེན་ཐར་གྱིས་གནས་ཚུལ་དེ་ཤེས་འཕྲལ། ཤེས་རབ་སྒྲོལ་མ་ཡོད་སར་ཡོང་སྟེ་ཁོ་མོ་ལ་འཇིགས་སྐུལ་མང་པོ་བཏང་། ཉིན་ཞིག་ལ་དཔལ་ཆེན་ཐར་དང་ཤེས་རབ་སྒྲོལ་མ་གཉིས་ལུག་རྫི་ནས་ཕྲད་པས། དཔལ་ཆེན་ཐར་གྱིས་རྐེད་ནས་གློ་གྲི་ཞིག་ཕྱུང་སྟེ། གལ་ཏེ་ཁྱོད་ངའི་ཆུང་མ་མི་བྱེད་པར་ཞི་ལི་དེའི་རྗེས་སུ་འགྲོ་ཚེ། ངས་ཁྱོད་ཀྱི་མགོ་སྐྲ་དང་ ཁ་སྣ་འབྲེག་རྒྱུ་ཡིན་ཚུལ་དང་། ཁྱོད་གཉིས་མ་ཤི་གསོན་བྲལ་དུ་གཏོང་རྒྱུ་ཡིན་ཚུལ་སོགས་བཤད། དེའི་རྗེས་ཀྱི་དགོན་པའི་འཆམ་སྟོན་ལས། དཔལ་ཆེན་ཐར་གྱིས་མོ་ལ་ཡང་བསྐྱར་དྲག་ཤུགས་དང་འཇིགས་སྐུལ་བྱས་པ་ན། ཤེས་རབ་སྒྲོལ་མས་ས་གནས་མངག་གཏོང་ཁང་དུ་ཞུ་གཏུག་བྱས། འོ་ན་གཉེན་སྒྲིག་རང་དབང་ལ་དྲག་ཤུགས་དང་འཇིགས་སྐུལ་བཏང་ཆོག་གམ།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》སུ་གཉེན་སྒྲིག་རང་མོས་ཡིན་པར་གཏན་འབེབས་བྱས་ཡོད། གཉེན་སྒྲིག་རང་མོས་ཞེས་པ་ནི་སྐྱེས་པ་དང་བུད་མེད་ཕན་ཚུན་རང་མོས་དང་རང་འཐད་ཡིན་དགོས་ཏེ། རང་མོས་ཞེས་པ་ཕོ་མོ་སུ་ཞིག་ཡིན་རུང་ཕན་ཚུན་ལ་དགའ་བའམ་ཆགས་པ། བརྩེ་འདང་ཆེ་བ། ཕུགས་སེམས་བཅོལ་བ། ཡིད་ཆེས་བརྟན་པ་བཅས་ཕྱོགས་གང་ཅིའི་ཐད་ནས་རང་བློར་བབས་པ་ཞིག་ཡིན་ལ། རང་འཐད་ཅེས་པ་ནི་ཕོ་མོ་ཟུང་གིས་ཕན་ཚུན་ལ་བློ་རྩེ་གཏད་རྗེས་ཕ་རོལ་བའི་དང་ལེན་བྱེད་པ་མ་ཟད་སེམས་གཏིང་ནས་དེ་ལ་ཡིད་ཆེས་དང་བློ་ཁ་ཕྱོགས་པ་ཞིག་ལ་ཟེར། དེ་ལྟ་བུའི་གཉེན་སྒྲིག་རང་དབང་ལ་མི་སྒེར་དང་ཚོགས་པ། སྡེ་ཁག་སུས་ཀྱང་བཀག་འགོག་དང་གཏོར་བརླག བཙན་ཤེད་དང་དྲག་ཤུགས། འཇིགས་སྐུལ་དང་བཙན་གཏོར་བྱས་མི་ཆོག་གོ

ཡང་གཅིག་བཤད་ན། གོང་དུ་བརྗོད་པའི་གྱོད་དོན་འདིའི་ཁྲོད་དུ། དཔལ་ཆེན་ཐར་གྱི་བྱ་སྤྱོད་དེ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་སྤྱིའི་རྩ་དོན་དང་འགལ་ཡོད་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལས་དོན་ཚན་ཉིས་བརྒྱ་དང་ང་བདུན་པར་འགལ་ཡོད་པས། སྤྱིར་བཏང་དུ་དེ་ལ་དྲག་ཤུགས་ལ་བརྟེན་ནས་གཞན་གྱི་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་པའི་ཉེས་པ་ཞེས་ཟེར། དཔལ་ཆེན་ཐར་གྱི་བྱ་སྤྱོད་དེ་ལ་ཉེས་ཁྲིམས་ལྟར་དུས་བཅད་བཙོན་འཇུག་ལོ་གཉིས་ཀྱི་མན་དང་ཡང་ན་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་བཅད་ཆོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།