ང་ཡི་ལྦུ་སིབ་ཁུ་ནག་བྱིས་པ།

res01_attpic_brief (2).jpg

1

ཁོ་རང་ལྦུ་སིབ་ཁུ་ནག་འཐུང་བར་དགའ། ཁོ་ནི་ང་ཡི་ལྦུ་སིབ་ཁུ་ནག་བྱིས་པ་ཡིན།

ཁོ་ནི་ང་ཚོ་སྡེ་བའི་བྱིས་པ་ཞིག་ཡིན། ཆུང་དུས་སུ་ཧ་ཅང་བདེ་ཐང་ཡིན་མོད། ཡུལ་མི་ཚོས་བཤད་པ་ལྟར་ན། ཁོ་རང་ལ་ལོ་ན་དྲུག་བདུན་ཡས་མས་སུ་གྲིབ་བམ་ཅི་ཞིག་ཕོག་པས་ད་ལྟའི་འདི་འདྲ་ཞིག་ཏུ་གྱུར་པ་རེད་ཟེར། རྗེས་སུ་ངས་དོན་དག་དེའི་ཕྱོགས་ལ་རྩད་གཅོད་བྱས་པ་ན། མི་རེ་རེའི་ཁ་ན་བཤད་སྟངས་རེ་དང་གནས་ལུགས་རྒྱུ་མཚན་རེ་འདུག ངས་ཁོའི་ཕ་མ་གཉིས་ལ་ཡང་དྲིས་ཀྱང་ཁོའི་ཕ་མ་ནི་ཀ་ངོ་ཡིག་ངོ་མི་ཆོད་པའི་ཞིང་ལས་པ་གཉིས་ཡིན་པས། རྒྱུ་མཚན་ཆེན་པོ་བཤད་རྒྱུ་མི་འདུག་ལ། གཟའ་ཡིས་བཟུང་བ་མིན་ན་ཀླུ་ཡིས་གནོད། ཡང་མིན་ན་གྲིབ་ཕོག་སོང་ཟེར། ང་རང་དེ་དུས་སློབ་གྲྭ་འགྲིམ་བཞིན་པའི་སྒང་ཡིན་ལ། ཡུལ་མི་ཚོའི་རྨོངས་དད་འཐོམ་སྦྲིད་ཀྱི་བློ་ལ་ཧ་ཅང་སུན་པོ་ཡོད་པས། “ཁྱོད་གཉིས་ཀས་སྨན་ཁང་དུ་མ་ཁྲིད་དམ། དེང་གི་ཚན་རིག་ལག་རྩལ་དང་གསོ་རིག་ལག་རྩལ་གྱིས་དྲག་བསྐྱེད་འབྱུང་དུ་བྱ་མི་ཐུབ་རུང་། ནད་རྐྱེན་གསལ་པོ་ཞིག་ངོས་ཟིན་ཁོ་ཐག་ཡིན”ཞེས་བཤད་པར། “སྨན་ཁང་དུ་ལོས་འཁྲིད། ཁོ་ངེད་གཉིས་ཀྱི་ཤ་དང་ཁྲག་རེད། ངེད་གཉིས་ཀྱིས་རང་དགར་ག་ལ་བསྐྱུར་སྲིད། འོན་ཀྱང་། ཞིང་ཆེན་སྨན་ཁང་དུ་ཟླ་ངོ་འགར་བསྡད་རུང་། སྨན་པ་ལ་ཡང་ཅང་བཤད་རྒྱུ་མི་འདུག ཟླ་འགའ་ལ་གནམ་ཁབ་བརྒྱབ་རྗེས་ཡུལ་ལ་ཁྲིད་ཟེར། ད་ངེད་གཉིས་ཀྱིས་ཅི་ཞིག་བྱ་དགོས་སམ”ཁོའི་ཨ་མས་ངའི་སྐད་ཆར་ཉན་རྗེས་དེ་ལྟར་ཟེར། ང་ལ་ཡང་ཟེར་རྒྱུས་ཕོངས་སོང་། འོན་ཀྱང་། ང་ད་དུང་ཡང་ཡིད་མ་ཆེས།

2

ང་རང་ཁོ་དང་འབྲེལ་འདྲིས་བྱུང་བ་ནི་ལོ་གསུམ་སྔོན་གྱི་དབྱར་ཁ་ཞིག་ཡིན། ཉིན་དེར་ཉི་མ་ཧ་ཅང་ཚ། སྡེ་མི་ཡོངས་སྡེ་བའི་མ་ཎི་ཁང་དུ་འཛོམས་ནས་མ་ཎི་ཁང་རྙིང་པ་དེ་ཞིག་གསོ་བྱེད་ཀྱིན་ཡོད། ཉིན་དེར་ང་རང་མ་ཎི་ཁང་དུ་ཡོད་ལ། ཁོའི་ཨ་མ་ཡང་ཡོད། ད་དུང་ཁོ་ཡང་ཡོད།

གཞུང་ལས་ལ་བྲེལ་བའི་དུས་སྐབས་སུ། མི་ཞིག་གིས་ངའི་རྒྱབ་ཕྱོགས་སུ་སྐད་རྒྱག་གིན་འདུག ངས་བྱིས་པ་འགས་རྩེད་མོ་རྩེད་བཞིན་པ་རེད་བསམས་ནས་ཁ་ཡ་མ་བྱས། བསྡད་ཀྱིན་བསྡད་ཀྱིན་སྐད་ཇེ་མཐོ་ནས་ཇེ་མཐོ་དང་ཇེ་གསལ་ནས་ཇེ་གསལ་རེད། འོན་ཀྱང་སྐད་ཆ་དེ་དག་ངས་ཧ་གོ་མ་སོང་། ངས་སྐད་ཆ་དེ་དག་གི་འབྲུའི་ནང་དོན་ཧ་གོ་མ་སོང་། ཡང་ན་མི་དེས་སྐད་ཆ་ཡ་མཚན་ཞིག་འཆད་ཀྱིན་འདུག

ང་རང་རྒྱབ་ཕྱོགས་སུ་འཁོར་དུས། ཁོ་རང་ངའི་རྒྱབ་ལོགས་སུ་འགྲེང་འདུག་ཅིང་། མཛུབ་མོ་ང་ལ་འཛུགས་ཞོར་མུ་མཐུད་དུ་ཅི་ཞིག་ལབ་བྱུང་། འོན་ཀྱང་ངས་ཅི་ཡང་ཧ་གོ་མ་སོང་། ངས་ཁོ་ལ་ནད་ཕོག་པ་དང་ནད་ཕོག་རྗེས་མིའི་རྒྱུན་ལྡན་གྱི་སྐད་ཆའམ་བརྡ་སྤྲོད་ཀྱི་ནུས་པ་ཉམས་ཏེ། སྐད་ཆ་རྡབ་རྡིབ་ཅིག་གམ་ཧ་གོ་མི་ཐུབ་པ་ཏག་ཏག་འཆད་འོང་བའི་གནས་ཚུལ་སྐོར་གྱི་སྐད་ཆ་ཐོས་མྱོང་། ཉིན་དེར། སྡེ་བའི་མ་ཎི་ཁང་གི་ཁྱམས་རར་དབྱར་གྱི་ཉི་འོད་དྲག་པོའི་འོག་ཏུ་ཁོས་ང་ལ་སྐད་ཆ་མང་པོ་ཞིག་བཤད་སོང་། ཁོས་གདོང་གི་རྔུལ་ཆུ་འབྱིད་ཞོར་འཆད་ཅིང་། ངས་ཀྱང་གདོང་གི་རྔུལ་ཆུ་འབྱིད་ཞོར་ཉན་པ་ཡིན། འོན་ཀྱང་། ངས་ཅི་ཡང་ཧ་གོ་མ་སོང་། ངའི་སེམས་སུ་ཁོས་ཁོ་རང་ཁོ་ནར་དབང་བའི་སྐད་ཆ་ཞིག་གམ་ངས་ཧ་གོ་ཐབས་བྲལ་བའི་སྐད་རིགས་གཞན་ཞིག་འཆད་ཀྱིན་འདུག་སྙམ།

ངས་མུ་མཐུད་དུ་ཁོའི་སྐད་ཆར་ཉན་ཞོར་ཁོ་དང་རྩེད་མོ་བྱས། ཁོས་བཤད་པའི་སྐད་ཆ་དག་ངས་ཧ་མ་གོ་བས་ང་རང་ཁོ་ལ་སྤྲོ་བ་ལྷག་ཏུ་སྐྱེས་ཤིང་། དོན་དངོས་སུ་ཁོས་ཅི་ཞིག་འཆད་ཀྱིན་པའི་སྐོར་ལ་སྤྲོ་བ་རབ་ཏུ་རྒྱས། ཉེ་འཁོར་གྱི་གྲོགས་པོ་འགས་ང་ལ་ཁོའི་སྐད་ཆ་ནི་ཁྱོད་ཀྱིས་གོ་མི་སྲིད། ཐ་ན་ཁོའི་ཕ་མས་ཀྱང་གོ་ཁག་པོ་རེད། ཁོའི་སྐད་ཆ་ང་ཚོས་མི་གོ་བར་ཡ་མཚན་རྒྱུ་ཅི་ཡོད། ཁོའི་སྐད་ཆ་འཆད་པའི་ནུས་པའམ་བརྡ་སྤྲོད་ཀྱི་ནུས་པ་ཉམས་སོང་བས་རེད། ཡ་མཚན་པ་ནི་ལྟས་ངན་འདིར་འོག་གི་ལག་ཆ་ཆེན་པོ་ཞིག་ཡོད། དེ་དངོས་གནས་ཡ་མཚན་རེད། ལོ་བཅུ་ཅན་གྱི་བྱིས་པ་ཞིག་ལ་འདི་འདྲའི་སྦོམ་ལ་རིང་བའི་ལག་ཆ་ཞིག ངས་བལྟས་ན་ང་ཚོ་སུས་དེར་བསྡུར་ན་ཡང་ཁོའི་དེ་ཆེ་རྒྱུ་རེད་ཟེར། མི་རློམ་ན་ང་ཚོས་ཁོའི་དེར་བལྟས་ཆོག་ཟེར།

ཉིན་དེར་ཁོའི་འོག་གི་དེར་བལྟས་རྗེས་ང་ཚོ་ཚང་མ་ཧ་ལས་ནས་ཧབ་ཆ་དི་རིར་བགད་པ་དང་། ངས་རང་གི་གླང་རྫིའི་དོར་མ་ཡི་ཁུག་མར་བཅུག་ཅིང་དམ་བེ་ཕྱེད་ཀ་ཕྱིར་མངོན་པའི་ལྦུ་སིབ་ཁུ་ནག་འཐུང་འཕྲོ་དེ་འཐུང་ཐེངས་གཅིག་གིས་བཏུང་ནས་སྐོམ་སེལ་བ་ཡིན། བཏུང་ཚར་རྗེས་དམ་བེ་སྡེ་བའི་མ་ཎི་ཁང་གི་ལྷས་མཐར་ཤེད་ཀྱིས་གཡུགས་པ་ཡིན།

གློ་བུར་དུ། ཁོ་རང་ངུས་བྱུང་། ཤུགས་ཀྱིས་ངུས་བྱུང་། ང་ཚོས་ཁོའི་རྐང་སྣམ་ཕུད་དེ་འོག་གི་དེར་བལྟས་པར་ཁོང་ཁྲོ་ལངས་པ་རེད་སྙམ་ནས་ཁོའི་རྐང་སྣམ་ཕྱིར་བསྐོན་པ་དང་། ཁོ་ལ་ཁ་ཡག་སྣ་ཚོགས་བཤད་དེ་ངུ་ཁ་ལེན་ཅི་ཐུབ་བྱས་པ་ཡིན། ཁོས་ངུ་མཚམས་མི་འཇོག་པར་མ་ཟད། མཛུབ་མོས་ང་ལ་བཙུགས་རྗེས་སྡེ་བའི་མ་ཎི་ཁང་གི་ལྷས་མཐའ་སྟོན་ཞོར་ཧ་མི་གོ་བའི་སྐད་ཆ་སྣ་ཚོགས་འཆད་ཞོར་སྔར་ལས་ཀྱང་ངུས་བྱུང་།

བར་སྐབས་ཤིག་ལ། ཁོའི་ཨ་མས་ཁང་ཐོག་ཏུ་ཁོའི་ངུ་སྐད་ཐོས་པས་ཁྱམས་རར་ཡོང་། ཁོའི་མིག་ཆུ་འབྱིད་ཞོར་ཁོ་ལ་སྐད་ཆ་སྣ་ཚོགས་དྲིས་རྗེས། ཁོས་མཐའ་གཅིག་ཏུ“པོ་ཤ། པོ་ཤ”ཟེར་ཞོར་མཛུབ་མོས་ང་དང་ལྷས་མཐའ་གཉིས་རེས་མོས་ཀྱིས་སྟོན་པར་བྱེད། དེ་ནས་ཁོས་ཨ་མས་ཅི་ཞིག་ཧ་གོ་སོང་བ་ལྟར་ལྷས་མཐར་སོང་ནས་ང་ཡིས་བཏུང་ཟིན་པའི་ལྦུ་སིབ་ཁུ་ནག་གི་དམ་བེ་སྟོང་པ་དེ་བཏུས་ཤིང་། མ་ཎི་ཁང་གི་སྒོ་ཁར་ཡོད་པའི་ཨ་ཅེ་མཚོ་མོ་ཚང་ལ་སོང་ནས་དམ་བེའི་ནང་དུ་ཆུ་འཁྱག་གང་བླུགས་པ་དང་། ད་དུང་ཀ་ར་ནག་པོ་ཅུང་ཙམ་བཏབ་རྗེས་དཀྲུག་དཀྲུག་བྱེད་ཞོར་ཕྱིར་བུད།

ཁོའི་ཨ་མས་བཤད་པ་ལྟར་ན་ཁོ་རང་ལྦུ་སིབ་ཁུ་ནག་འཐུང་བར་ཧ་ཅང་དགའ། མི་གཞན་གྱིས་འཐུང་གིན་པ་མཐོང་ཚེ་དེའི་གམ་དུ་ཕྱིན་ནས་རང་ལ་མཁོ་ཟེར་བ་དང་། མི་དེས་མ་བྱིན་ཚེ་ངུས་ནས་མཚམས་མི་འཇོག་པ་ཡིན་ཟེར། ངེད་ཚང་ལ་ཁོར་ཉིན་རྒྱུན་ལྦུ་སིབ་ཁུ་ནག་ཉོ་སྤྱད་ཀྱི་ཆ་རྐྱེན་མེད་པས། ངས་རྒྱུན་པར་ལྦུ་སིབ་ཁུ་ནག་གི་དམ་བེ་སྟོང་པའི་ནང་དུ་ཆུ་དང་ཀ་ར་ནག་པོ་བསྲེས་ནས་ཁོར་བྱིན་པ་ཡིན། འདི་ལྟར་ཡིན་ཚེ་ཁོས་ངའི་ལས་ཀར་བར་ཆད་མི་བྱེད་པར་མ་ཟད། དམ་བེ་དེ་ལྦུ་སིབ་ཁུ་ནག་ཏུ་འཁྲུལ་ནས་འཐུང་མི་བཟོད་པར་ཉིན་གང་པོར་ལག་ཏུ་ཐོགས་ཏེ་རྩེད་འཇོར་གཡེང་ནས་སྡོད་པ་ཡིན། ངའི་བུ་ཆུང་སྙིང་རེ་རྗེ། མི་འདོད་རྐྱེན་ངན་ཐོག་ཏུ་བབས་པས་མི་ཚད། ལས་ངན་ངེད་ཕ་མ་གཉིས་ལ་ཁོ་རང་ཆེས་དགའ་བའི་ལྦུ་སིབ་ཁུ་ནག་ཉོ་སྤྱད་ཀྱང་མི་འདུག་ཟེར་ཞོར་མོའི་མིག་མཐའ་རུ་མཆི་ཞགས་འཁྱིལ་འདུག ང་ཚོའི་གྲས་ཀྱི་གྲོགས་པོ་ཞིག་གིས་ད་དུང་རྩེད་མོའི་ཚུལ་གྱིས་ཁྱོད་མ་བུ་གཉིས་ཀྱིས་ཇི་ལྟར་བརྡ་སྤྲད་པ་ཡིན་ནམ། ཁྱོད་ཀྱིས་ཁོས་བཤད་པའི་སྐད་ཆ་གོའམ། གོ་ན་ང་ཚོར་སློབ་རོགས་ཞེས་བཤད་པ་ན། མོས་ང་ཚོ་ལ་གཉོམ་ཆུང་ལ་ཐུབ་ཚོད་མ་བྱེད། རྒྱུ་འབྲས་འཁོར་ཡོང་ཟེར་ཞོར། ཆུ་འཁྱག་ནང་དུ་ཀ་ར་ནག་པོ་བཏབ་པའི་ལྦུ་སིབ་ཁུ་ནག་གི་དམ་བེ་ཁོའི་ལག་ཏུ་སྤྲད་རྗེས་ཕྱིར་ཁང་ཐོག་ཏུ་བུད་སོང་། ཁོས་ཀྱང་ངུ་སྐད་མཚམས་བཞག་ཅིང་གདོང་ལ་སྤྲོ་བའི་མདངས་ཤིག་མངོན་བཞིན་དགའ་སྤྲོའི་ངང་ཨ་མའི་རྗེས་སུ་བརྒྱུགས་སོང་།

སྐབས་དེར། ང་ཡི་གདོང་ཡོངས་ཅི་ཞིག་གིས་ཚ་ལམ་ལམ་དུ་བཟོས་ཤིང་། གདོང་གི་རྔུལ་ཆུ་ཡང་ཡང་འབྱིད་དགོས་བྱུང་སོང་།

3

ལོ་ངོ་ལྔའི་རྗེས་སུ། ང་རང་གྲོང་ཁྱེར་དུ་ལས་སྒྲུབ་བྱེད་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར། ནམ་རྒྱུན་རང་ཉིད་དམ་མི་གཞན་གྱིས་ལྦུ་སིབ་ཁུ་ནག་འཐུང་བའི་ངང་ཚུལ་མཐོང་ན་ངས་རྒྱུན་པར་ཁོ་རང་དྲན་འོངས་། ལྷག་ཏུ་ལོ་ལྔའི་སྔོན་གྱི་དོན་དག་དེར་ནོངས་འགྱོད་ཆེན་པོ་སྐྱེས། ལོ་སར་ལ་ཉེ་བའི་སྐབས་སུ་ངས་ཁྱིམ་ཚང་ལ་མཁོ་ཆས་ཅི་ཡང་མ་ཉོས། ངས་ཁོ་ལ་ལྦུ་སིབ་ཁུ་ནག་སྤུས་ལེགས་སྒམ་གང་ཉོས་རྗེས་ཕ་ཡུལ་ལ་ལོག་པ་ཡིན། ངས་ང་ཡི་ལྦུ་སིབ་ཁུ་ནག་བྱིས་པར་སེམས་ནས་དགོངས་དག་ཞུ་བསམ་པ་ཡིན།

ཨ་མས་ངས་ཉོས་ཡོང་བའི་ལྦུ་སིབ་ཁུ་ནག་སྒམ་གང་པོ་དེ་ལོ་སར་སྐབས་སུ་མགྲོན་པོ་ལ་སྣེ་ལེན་བྱ་སྤྱད་བྱེད་རྒྱུ་ཡིན་ཟེར། ངས་ཁོང་ཁྲོའི་ངང་སྒོར་མོ་བརྒྱ་ཤོག་གསུམ་ཨ་མར་བྱིན་རྗེས། འདི་མགྲོན་པོར་སྣེ་ལེན་བྱ་སྤྱད་ཀྱི་སིལ་ཁུ་ཉོ་སྤྱད་བྱོས། ལྦུ་སིབ་ཁུ་ནག་སྒམ་གང་པོ་དེ་འཐུང་བྱ་ཞིག་མིན་ཟེར་ཞོར། རང་གི་ཁང་པའི་ནང་ཁྱེར་ནས་དཔེ་སྒྲོམ་སྟེང་དཔེ་ཆ་དང་ལྷན་དུ་བསྒྲིགས་པ་དང་། སྒྲུང་གཏམ་མམ་ལྷུག་རྩོམ་ཅི་ཡིན་ཆ་མི་འཚལ་བའི་རྩོམ་འདི་བྲིས་པ་ཡིན།

ང་ཡི་ལྦུ་སིབ་ཁུ་ནག་བྱིས་པ། ཆུ་འཁྱག་ནང་དུ་ཀ་ར་ནག་པོ་བཏབ་ནས་འཐུང་བའི་ང་ཡི་ལྦུ་སིབ་ཁུ་ནག་བྱིས་པ།

ལྦུ་སིབ་ཁུ་ནག་བྱིས་པ་ཤི་སོང་། ང་ཡི་ལྦུ་སིབ་ཁུ་ནག་བྱིས་པ་ཤི་སོང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།