གྲིབ་མ་ནག་པོ།

གཅིག 

མདང་དགོང་འདྲེ་ཡི་སྐྱེ་བ་བླངས་ཏེ་ཡུན་རིང་ལ་མ་གཉིད་པའི་རྐྱེན་གྱིས་ད་ནངས་ཡར་ལངས་འདོད་ཡེ་ནས་མེད་ཀྱང་། ལྒང་བུ་ཆེས་ཆེར་སྦོས་ནས་གཅིན་ཤོར་ལ་ཁད་བྱེད་པས། གཉིད་མ་སད་ལ་ཡར་མི་ལངས་ཀ་མེད་བྱུང་།

སྒོའི་ཕྱི་རོལ་གྱི་ཐལ་སྤུངས་འགྲམ་དུ། གཅིན་པ་ཤག་སེར་བཏང་རྗེས་ལུས་པོ་ཇེ་ཡང་དུ་བུད་སོང་། གཅིན་པ་སར་ཕོག་པའི་ཤུགས་ཀྱིས་ཁུང་བུ་ཆེན་པོ་ཞིག་བཏོད་འདུག དེ་ནི་བུ་མོ་ཞིག་གིས་ཁ་གདངས་པ་དང་འདྲ་ལ། དེ་ལས་རང་ཉིད་ནི་ད་དུང་སྟོབས་དང་ཤུགས་ཀྱིས་ཁེངས་པའི་སྟག་ཤར་ཞིག་ཡིན་པ་ཤེས་ཐུབ།གཅིན་གཏོང་དུས་གཉིད་མ་སངས་པར་ལུས་གཡོ་འགུལ་བྱས་པའི་སྟབས་ཀྱིས་ཁུང་བུ་དེའི་ཉེ་འཁོར་དུ་བུ་མོ་ཞིག་གི་ངོ་གདོང་ལྟ་བུ་ཞིག་ཀྱང་བཏོད་འདུག དེར་བལྟས་ཀྱིན་བལྟས་ཀྱིན་སྣང་བ་ཞིག་ལ་དེ་ནི་མིག་ལ་མི་རན་ཞིང་སྣང་བ་ཅན་གྱི་བུ་མོ་གྲབས་རྒྱག་མ་དེའི་ངོ་གདོང་དང་འདྲ་བས། ཞེ་གཏིང་ནས་ཚིག་པ་ཟོས་ཏེ་རྐང་བཅག་འགའ་བྱས་པ་ན། སྔོན་གྱི་དབྱིབས་དེ་ཡོངས་སུ་གྱུར་ནས་ཁ་ཤོ་སྣ་རལ་གྱི་ས་ཁྲ་ལྟ་བུ་ཞིག་ཏུ་གྱུར་སོང་།

སྐབས་དེར། ངས་ས་ཁྲ་ལྟ་བུ་དེར་ཞིབ་ཏུ་བལྟས་པ་ན། དེའི་སྟེང་དུ་ཏག་ཏག་ངའི་གྲིབ་མ་གསལ་ལ་མི་གསལ་བ་དེའི་གསང་གནས་ཁེལ་འདུག དོན་ངོ་མར་རང་ཉིད་ཀྱི་གྲིབ་མ་ཉིན་དཀར་ཡང་རང་ཉིད་དང་འགྲོགས་འགྲོགས་ལ་ཡོད་ནའང་། ངས་དེ་རིང་བར་རང་གི་ངོས་གཞན་ཏེ་གྲིབ་མར་གཏན་ནས་མཉམ་བཞག་མ་མྱོང་བས། དེ་རིང་སེམས་ཀྱི་ག་ཤེད་ཅིག་ཏུ་རང་གི་གྲིབ་མར་དོ་སྣང་བྱེད་འདོད་ཅིག་ཐོལ་གྱིས་བྱུང་།

གཉིས།

ཞོགས་པར་ངའི་གྲིབ་མ་ཧ་ཅང་རིང་། སྐབས་དེར། ཉི་མ་ཤར་ཕྱོགས་ཀྱི་མཁའ་མཐར་འཕགས་འདུག ངས་གྲིབ་མར་བལྟས་ནས་བསྡད། གྲིབ་མ་ཁོ་ལས་ཁུངས་སུ་བུད་སོང་། ལམ་བར་དུ། མི་ཁྱུ་ཞིག་གིས་ཁོར་འགྲོ་ལམ་ཞིག་བྲིས་པར་ཁོས་སུན་སྣང་དང་བཅས་ཤེས་ནའང་མི་ཤེས་ཁུལ་གྱིས་མགོ་ཞིག་གཡུགས་ནས་བུད་སོང་། ལས་ཁུངས་ཀྱི་སྒོ་ཁ་ནས་ཁོ་ཅུས་ཀྲང་ན་རོ་དང་འཕྲད་བྱུང་ལ། འཕྲད་མ་ཐག་ཁོས་འཇམ་པོའི་ངག་གིས་ཅུས་ཀྲང་ལ་འཚམས་འདྲི་ཞུས་སོང་བར་མ་ཟད། གཉའ་སྒུར་སྒུར་དང་ལྕེ་སྣར་སྣར་ཞིག་ཀྱང་བྱས་སོང་།

ཉིན་གུང་། ངའི་གྲིབ་མ་ཧ་ཅང་ཐུང་། སྐབས་དེར། ཉི་མ་ངའི་མགོ་ཐོག་གི་སྟེང་ཕྱོགས་སུ་འཕྲོ་ཞིང་འཕྲོས། ངས་གྲིབ་མར་བལྟས་ནས་བསྡད། གྲིབ་མ་ཁོ་ཟ་ཁང་ཞིག་ཏུ་བུད་སོང་། ཅང་མ་འགོར་བར་སྤྲང་པོ་ཉམ་ཐག་ཅིག་ཁོའི་མདུན་དུ་སླེབས་ཏེ་སྒོར་མོ་ཞིག་བསླངས་པར་ཁོས་ཁོང་ཁྲོ་དང་བཅས་ཕར་སོང་ཟེར་ཞོར་སྡང་མིག་གིས་བལྟས་བྱུང་། སྤྲང་པོ་ཉམ་ཐག་དེ་ཕྱིར་སོང་མ་ཐག་བུ་མོ་ངོ་ཤེས་ཤིག་ཟ་ཁང་དུ་ཟ་མ་ཟ་རུ་སླེབས་བྱུང་། ཁོའི་ངོར་ཡལ་དུ་མེད་པའི་བཅོས་འཛུམ་ཞིག་ལངས་ཏེ་བུ་མོ་དེར་ཡང་ཡང་ལྟ་ཞིང་། འགྲོ་ཁར་བུ་མོ་དེའི་ཟས་རིན་ཡང་ཁོས་བྱིན་ཏེ་བུད་སོང་།

ས་སྲོད་ཀྱི་སྐབས་སུ། ངའི་གྲིབ་མ་ཧ་ཅང་རིང་། སྐབས་དེར། ཉི་མ་ནུབ་ཕྱོགས་ཀྱི་མཁའ་མཐར་བཞུད་འདུག ངས་གྲིབ་མར་བལྟས་ནས་བསྡད། གྲིབ་མ་ཁོ་ལྷོ་རིའི་གླིང་གར་འཆམ་འཆམ་དུ་བུད་སོང་། ཁོས་དུ་བ་ཞིག་འཐེན་ཞོར་འགྲོ་ལ། མཚམས་ཤིག་ལ་དུ་སྣེ་དང་ཁ་ལུད་ཆེན་པོ་ཞིག་ལམ་འགྲམ་ལ་གང་འདོད་དུ་དོར་བྱུང་། གླིང་ག་ནས་དལ་བུར་སྐྱོད་དུས། ཕྱེ་མ་ལེབ་ཅིག་གང་ཞིག་ནས་འཕུར་འོངས་ཏེ་ཁོའི་ཕྲག་ཏུ་བབས་པར་ཁོས་དེ་མ་ཐག་དེ་བཟུང་ནས་གཤོག་སྒྲོ་བལ་རྗེས་བསད་སོང་།

ངས་གྲིབ་མར་བལྟས་ནས་ཁོའི་བྱ་སྤྱོད་ལ་ཞེ་མེར་ཞིང་ཡིད་ཆད་བྱུང་། དེ་ལྟར་ཞེ་མེར་ཡིད་ཆད་ངང་ལྟ་དུས། གྲིབ་མ་དེ་དང་རང་ཉིད་གཉིས་ངོས་གཉིས་ནས་ངོས་གཅིག་ཏུ་གྱུར་སོང་། དེ་ནི་སུ་ཡིན་ནམ། དེ་ནི་ང་ཟེར་བ་དེ་ཡིན་ནམ། ང་ཡུན་རིང་ཞིག་ལ་འདང་རྒྱག་གི་ནང་དུ་ལྷུང་སྟེ་ཀེར་རེར་འགྲེང་ནས་བསྡད། ཀེར་རེར་འགྲེང་ནས་བསྡད། སྐབས་དེར། ས་ཡོངས་སུ་རུབ་སོང་།

གསུམ།

ས་རུབ་ནས་ཅང་མ་འགོར་བར། ངས་ནུབ་འཚལ་སྟབས་བདེ་ཞིག་གཏུངས་ནས་གཉིད་དུ་ཡུར།

གློ་རྡེག་ལ། ང་དང་འདྲ་བའི་མི་གཞན་ཞིག་ངའི་གམ་དུ་འོངས་ཏེ། “མྱི་ལྡང་། ཁྱོད་ཀྱིས་ཤེས་སམ། ང་རྒྱུན་དུ་ཁྱོད་ཀྱི་རྗེས་སུ་འདེད་བཞིན་ཡོད”ཅེས་སྨྲས་བྱུང་། ང་ཧ་ལས་ཤིང་ཧང་སངས་ཏེ། “ཁྱོད་རྒྱུན་དུ་ངའི་རྗེས་དེད་ནས་ཅི་བྱེད”ཅེས་སྨྲས་པར། ཁོས་བདེན་ཅོག་ཅོག་གིས“ང་ནི་ཁྱོད་ཀྱི་གྲིབ་མ་ཡིན་པས། དེ་ནི་ངའི་འོས་འགན་རེད”ཅེས་སྨྲས་རྗེས། ཁོང་དགོད་ཆེན་པོ་ཞིག་བྱས་པས། ང་ཡེར་སེ་གཉིད་ལས་སད་བྱུང་། མུན་ཁྲོད་དུ་ལག་སྙོབ་བྱས་ཏེ་མྱུར་དུ་གློག་བཀར་ཞིང་ཉེ་འཁོར་དུ་གསལ་པོར་བལྟས་ཀྱང་རང་ཉིད་དང་འདྲ་བའི་མི་དེ་གཏན་ནས་མཐོང་མ་བྱུང་། སྒེའུ་ཁུང་བརྒྱབ་མེད་པ་དག་རླུང་གིས་ཁྲོག་སྒྲ་དང་བཅས་སྒུལ་སྒུལ་བྱེད་ཀྱིན་འདུག གྱང་ངོར་བཀལ་བའི་དུས་ཚོད་ལ་བལྟས་པ་ན། དགོང་མོའི་དུས་ཚོད་དགུ་པ་སྟེ། རང་ཉིད་གཉིད་དུ་ཡུར་ཏེ་ཅང་འགོར་མི་འདུག་ལ། དེ་ནི་རྨི་ལམ་ཡིན་པ་ཤེས་འཕྲལ་སྒེའུ་ཁུང་བརྒྱབ་མེད་པ་དག་དམ་པོར་གཏན་ཏེ་སྒེའུ་ཡོལ་འཐེན་རྗེས་སེམས་བདེ་མོས་ཕྱིར་གཉིད་དུ་ཡུར།

གློ་རྡེག་ལ། ཡང་ང་དང་འདྲ་བའི་མི་གཞན་དེ་ངའི་གམ་དུ་འོངས་ཏེ“མྱི་ལྡང་། ད་ཁྱོད་ཚར་ལ་ཉེ”ཞེས་སྨྲས་བྱུང་བར། ང་ཧ་ལས་ཤིང་ཧང་སངས་ཏེ“དེའི་དོན་ཅི་ཡིན་ནམ”ཞེས་སྨྲས་པར། ཁོས་སྒམ་ཚུགས་ཤིག་བཏོད་དེ“ངའི་དམིགས་ཡུལ་ནི་ང་ཁྱོད་ཀྱི་གྲིབ་མ་བྱེད་རྒྱུ་དེ་མིན་པར་ང་ནི་ཁྱོད་དངོས་མ་བྱེད་རྒྱུ་དེ་ཡིན”ཞེས་སྨྲས་རྗེས། ཁོང་དགོད་ཆེན་པོ་ཞིག་བྱས་པས། ང་ཡེར་སེ་གཉིད་ལས་སད་བྱུང་། མུན་ཁྲོད་ནས་ལག་སྙོབ་བྱས་ཏེ་མྱུར་དུ་གློག་བཀར་ནས་ཉེ་འཁོར་དུ་གསལ་པོར་བལྟས་ཀྱང་རང་ཉིད་དང་འདྲ་བའི་མི་དེ་གཏན་ནས་མཐོང་མ་བྱུང་། གྱང་ངོར་བཀལ་བའི་དུས་ཚོད་ལ་བལྟས་པ་ན། དགོང་མོའི་དུས་ཚོད་བཅུ་གཉིས་ཏེ་ནམ་གུང་ལ་སླེབས་འདུག དེ་ཡང་རྨི་ལམ་ཡིན་པ་ཤེས་འཕྲལ་སེམས་བདེ་མོས་ཕྱིར་གཉིད་དུ་ཡུར་བར་རྩོམ་དུས། རང་ཉིད་ཉལ་སའི་ཁང་པ་ནང་མའི་སྒོ་ཅུང་ཙམ་ཕྱེས་འདུག་པའི་སྣང་བ་ཞིག་སྟེར་བས། ཁང་པ་ནང་མའི་སྒོ་ལ་ཡང་ནང་ཟྭ་བརྒྱབ་སྟེ་གཉིད་པར་བརྩམས་ནའང་། ཡུན་རིང་ཞིག་ལ་གཉིད་གཏན་ནས་ཁུགས་མ་བྱུང་།

གློ་རྡེག་ལ། ཡང་ང་དང་འདྲ་བའི་མི་གཞན་དེ་ངའི་གམ་དུ་འོངས་ཏེ། “ལྟས་ངན་ཁྱོད་ད་རུང་འདི་ན་ཡོད་དམ། ད་རེམ་མ་སྒོར་སོང་། ཁྱོད་ངེད་ཚང་ནས་བསྡད་ཆོག་པའི་ཐོབ་ཐང་ཞིག་གང་ན་ཡོད”ཅེས་སྨྲས་བྱུང་། ང་ཧ་ལས་ཤིང་ཧང་སངས་ཏེ། “ཁྱོད་ཀྱིས་སྨྱོ་བཤད་མ་རྒྱག ང་ངའི་ཁྱིམ་ནས་ཀྱང་བསྡད་མི་ཆོག་གམ”ཞེས་སྨྲས་པར། ཁོས་མཐོང་ཆུང་གི་ཉམས་ཀྱིས“ད་ནི་ང་རང་ཁྱོད་ཀྱི་གྲིབ་མ་མིན་པར་ཁྱོད་དངོས་མ་དེ་ཡིན། ད་ཁྱོད་སྒོར་མི་འགྲོ་བར་འདུག་ས་ཞིག་གང་ན་ཡོད”ཅེས་སྨྲ་བཞིན། ལག་པ་གཉིས་ངའི་སྐྲ་ལ་འཐམས་ཏེ་ཕྱི་རུ་འདྲུད་རྩིས་བྱས་པས། ང་ཡེར་སེ་གཉིད་ལས་སད་བྱུང་། ཡར་ཀྲོག་སེ་དགྱེ་སྟེ་མིག་ཅར་རེར་ཉེ་འཁོར་དུ་བལྟས་པ་ན། རང་དང་འདྲ་བའི་མི་དེ་གཏན་ནས་མཐོང་མ་བྱུང་ལ། ནམ་ལངས་ཏེ་ཅུང་ཟད་འགོར་འདུག དེ་ཡང་རྨི་ལམ་ཡིན་པ་ཤེས་ནའང་། དོན་དག་གི་བྱུང་འགྲོས་མཐུད་པའི་རྨི་ལམ་དེར་ཕྱིར་འདང་ཞིག་བརྒྱབ་ཚེ་དངོས་གནས་ཞེད་སྣང་སྐྱེ་བ་ཞིག་རེད།

མལ་ཁྲིའི་སྟེང་ནས་ཡུད་ཙམ་ལ་ཙོག་ནས་བསྡད་རྗེས། ཡར་ལངས་ཤིང་སྒེའུ་ཁུང་ཁར་སོང་སྟེ་སྒེའུ་ཡོལ་འཐེན། ཡིན་ནའང་། སྒེའུ་ཁུང་ལས་ཉི་འོད་གསལ་པོ་ཞིག་འཕྲོ་རྒྱུ་མི་འདུག་ལ། ཉི་མའང་མཐོང་རྒྱུ་མི་འདུག་སྟེ། ས་རྡུལ་འདྲེས་མ་ཞིག་གིས་ཁོར་ཡུག་ཐམས་ཅད་ཀུན་ནས་བསྒྲིབས་འདུག་པས། ནམ་ལངས་ཀྱི་དུས་དེ་ནི་ས་སྲོད་ཅིག་དང་ཁྱད་པར་མི་འདུག

བཞི།

སྐབས་དེར། མེ་ལོང་གི་མདུན་དུ་འགྲེང་སྟེ་རང་ཉིད་ལ་གསལ་པོར་བལྟས་པ་ན། དངོས་གནས། གྲིབ་མ་ནག་ལིང་ངེ་བ་ཞིག་རང་གི་གཟུགས་བརྙན་གྱི་རྒྱབ་ན་ཀེར་རེར་འགྲེང་འདུག་པས། སྐྲག་མ་དངངས་ཀྱིས་མེ་ལོང་གི་ངོས་སུ་ཁུ་ཚུར་གྱིས་གཞུས་པ་ན། མེ་ལོང་དེ་ཆག་དུམ་མང་པོ་ཞིག་ཏུ་གྱུར་ལ། རང་གི་གཟུགས་བརྙན་གྱི་རྒྱབ་ན་ཀེར་རེར་འགྲེང་བའི་གྲིབ་མ་ནག་ལིང་ངེ་བ་དེ་ཡང་དེ་ལྟར་དུ་གྲིབ་མ་ནག་ལིང་ངེ་བ་མང་པོ་ཞིག་ཏུ་གྱུར་སོང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།