འབའ་སེང་སྨྱོན།
ལམ་ལ་ཆས་ཁར།ངས་ཕྱི་མིག་གིས་བལྟས།
ཕྱི་མིག་གི་མཐོང་ལམ་དུ།ཕ་མ་གཉིས།
ངའི་རྒྱབ་རི་སྨུག་པོ་རེད།
མིག་ཟུང་ཀེམ་ཀེམ་གཡོ་བཞིན།
ལག་ཟུང་ཡོམ་ཡོམ་འདར་བཞིན།
སེམས་གཏམ་གྱི་སྨྲ་སྒོ་ཡངས་པོར་ཕྱེས་ཏེ།
རྒོད་པོས་ནམ་འཕང་གཏད་པའི་གཏམ་རྒྱུད་ཡང་ཡང་གླེང་བས།
ངས་ཕ་མ་གཉིས་ཀྱི་ལྷག་བསམ་ངང་གིས་མཐོང་ལ།
ངས་ཕ་མ་གཉིས་ཀྱི་སེམས་འགྱུ་རིམ་གྱིས་ཚོར།
དེའི་རྐྱེན་གྱིས།ངས་གྱེས་བྲལ་གྱི་གདུང་བ་ཕྱི་མིག་ལ་བཅོལ་ནས།
ཕ་མའི་མིག་འོད་ལས་སྣང་བའི་སྙན་ངག་བེམ་པོ་དེ་རུམ་སྟེ།
འགྲུལ་བཞུད་ཀྱི་ལམ་ནས་ཡང་བསྐྱར་ཕྱི་མིག་གིས་ལྟ་དུས།
ཕ་མ་གཉིས་སྔར་བཞིན་བརྟན་བརླིང་ངེར།
ལྷག་བསམ་འཇམ་པོ་ཁ་བཏགས་བཞིན་དཀར་ལ།
སེམས་འགྱུ་རྣོན་པོ་གཙང་ཆུ་ལྟར་བཞུར།