ཀྲུང་གོ་བོད་ཀྱི་དྲ་བ།

འབྲོང་ཕྲུག་གི་སྙན་ངག

ཡོང་ཁུངས། : 《སྦྲང་ཆར》   རྩོམ་པ་པོ། : འབྲོང་ཕྲུག་ལྷ་ཆེན་རྒྱལ།   སྤེལ་དུས། : 2016-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

QQ图片20160620192033_副本.jpg

འབྲོང་ཕྲུག་ལྷ་ཆེན་རྒྱལ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ད་ལྟའི་བར་དུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་སྙན་ངག་གཙོས་སྒྲུང་གཏམ་དང་ལྷུག་རྩོམ། འབོལ་རྩོམ་སོགས་རྩོམ་ཡིག༡༥༠ལྷག་བཀོད་ཡོད་པ་དང་། དེ་དག་ལས་རེ་འགའ་རྒྱ་ཡིག་ཏུ་བསྒྱུར་ནས《ཀྲུང་གོའི་དེང་རབས་གྲངས་ཉུང་མི་རིགས་རྩོམ་པ་པོའི་འགྱུར་རྩོམ་བརྩམས་ཆོས་འདེམ་སྒྲིག》སོགས་སུ་བཀོད་ཡོད།  

སྔ་ཕྱིར་སྦྲང་ཆར་སྨྱུག་གསར་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་རྩོམ་པ་པོའི་རྩོམ་རིག་བྱ་དགའ།  གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་ཐོབ་པ་དང་།  བརྩམས་ཆོས་ལ་སྙན་དེབ《བཞད་འཕྱི་བའི་མེ་ཏོག》དང་སྒྲུང་ཐུང་དེབ《ལོ་དེའི་དགུན་ཁ》སོགས་ཡོད། 


          ཕ་ཡུལ་ཟླ་ཚང་དྲན་ཚུལ།


རི་རྩེ་ན།   སྨུག་པ་ཀྱ་ཀྱུ།   སྨུག་པ་ཀྱ་ཀྱུའི་གསེབ་ན།

རྔམ་བརྗིད་ཀྱིས་འགྱིང་བའི་ཨ་མྱེས་གཡག་སྙིང་།

ད་དུང་།   བཅུད་པར་གྱི་མཐོན་པོ་བཅུ་གསུམ།

ཟླ་ཚང་གི་སྟག་ཤར་གཞོན་ནུའི་སྤོབས་པ་ཇི་བཞིན་དཔུང་རྡང་སྦྲེལ།

 

ཁྱེད་ཉིད།   གནག་སྣུམ་གྱི་གཞུང་ལམ་བརྒྱུད་ནས་ཤོག་དང་།

ལམ་འགྲམ་གྱི་ཀེ་ཚེ་མེ་ཏོག་ལ་གསེར་འོད་ལམ་མེར་འཚེར་ཞིང་།

བྱིའུ་ཆུང་གི་གྲེ་འགྱུར་དང་ཕྱེ་ལེབ་ཀྱི་གར་སྟབས་ལང་ལིང་གཡོ།

རི་གསུམ་རྩེ་རུ།  ཆུ་འཛིན་གྱི་ཁ་བཏགས་དལ་བུར་སྐྱོད་ཅིང་།

ལུང་གསུམ་མདོ་རུ། གནག་ཕྱུགས་ལྟར་ཐར་ཐོར་དུ་གནས་པའི།

གཡུ་སྦྲ་མཐིང་སྨུག་ནང་དུ་ཤ་མར་དང་འོ་ཞོའི་དྲི་ངད་འཐུལ་ཡོང་།

 

སྐབས་དེར། ཆུ་འགྲམ་ན་རྔོག་རྩེད་བྱེད་པའི་རྟ་མཆོག་དང་།

ནེའུ་ཁུད་དུ་ལྷོད་གཡེང་ངེར་འཁྱིལ་བའི་གཡང་དཀར་ལུག་གི་འབའ་གཞས་གཉོམ་པོས།

ཁྱེད་རྩྭ་ཐང་གི་འབྲོག་སྡེ་ཞིག་ཏུ་བསླེབས་པ་བདེན་དཔང་བྱེད་ངེས།

 

ཞིབ་ཏུ་བསམས་ན།

ཁུ་བྱུག་གི་གསུང་སྐད་སྙན་མོས་དཔྱིད་དཔལ་གྱི་མཛེས་པ་འགུགས་ལ།

འཇམ་རླུང་གི་རྒྱུ་བ་དལ་མོས་མེ་ཏོག་གི་དྲི་བསུང་འཐུ།

མཁའ་ངོགས་སུ།  བག་ཡངས་སུ་སྐྱོད་པའི་ཆུ་འཛིན་དཀར་པོ་ཡང་།

ཁྱེད་ཀྱི་ཕྱོགས་སུ་དལ་བུར་རྒྱུ་འོང་དུས་སུ།

བརྩེ་བ་འཛུམ་གྱིས་བསུ་བའི་མ་ཡུམ་སེམས་རྒྱ་ཅན་ཞིག་གིས་སྦྲ་འདབས་སུ་རྒྱང་ལྟ་བྱས་ཡོད་ལ།

བྱམས་པ་དྲིན་གྱིས་སྐྱོང་བའི་ཕ་ཡབ་ཁོག་རྒྱ་ཅན་ཞིག་གིས་སྦྲ་ཕུག་ཏུ་ངང་སྒུག་བྱས་ཡོད་པ་དྲན་བྱུང་ངམ།

ད་དུང་།  ཟླ་ཚང་གི་ཕུ་ནུ་མིང་སྲིང་གཞན་དག་དྲན་བྱུང་ངམ།

 

ཀྱེ་མ།  ཡུན་རིང་གི་འགྲུལ་བཞུད་ལས།

རྒྱབ་ཕྱོགས་ཀྱི་ཟླ་ཚང་དང་ཁ་ཐག་ཇེ་རིང་ཡིན་པ་དྲན་ན།

མཚན་ངོགས་ཀྱི་ཟླ་བ་དཀར་པོ་འདི།

ཟླ་ཚང་གི་ཟླ་བ་དཀར་པོ་ཡིན་པ་དྲན་བྱུང་ལ།

སྐར་ཆེན་གྱི་མིག་མདངས་བཀྲག་ཅན་དེ།

ཟླ་ཚང་གི་སྨྲེ་བདུན་ངུས་པ་ལོས་ཡིན་བསམས།

ཞེན་ཆགས་ཀྱི་ངོས་སུ་ཡུན་རིང་ལུས་པའི་ཕ་ཡུལ་ཟླ་ཚང་ཨང་།

 

ཟླ་ཚང་ན། དྭངས་གཙང་གི་ཆུ་མིག་ལྟར་གྱི་ངའི་བྱིས་བློའི་རྨི་ལམ་དང་སྟོང་འདང་ཡོད།

ཟླ་ཚང་ན། མཚར་སྡུག་གི་མེ་ཏོག་བཞིན་གྱི་ངའི་གཞོན་དུས་ཀྱི་ལང་ཚོ་དང་བརྩེ་བ་ཡོད།

ཟླ་ཚང་ན། བསིལ་འཇམ་གྱི་རླུང་བུ་ལྟ་བུའི་ངའི་རྒྱང་བཞུད་ཀྱི་གོམ་སྒྲ་དང་ཕུགས་འདུན་ཡོད།

 

མདོ་རྩེ་རི་ཉག་ནས་ཕྱི་མིག་ཅིག་གིས།

སླར་ཡང་བཀྲ་ཤིས་ཤོག  ཟླ་ཚང་།

བཅུད་པར་མཐོན་པོ་བཅུ་གསུམ་གྱི་རྔམ་བརྗིད་ཁོ་ན།

ཁྱེད་ལ་དབང་བའི་འབྱོར་ཕྱུག་དང་དབང་ཐང་ཡིན་པར་སྨོན།

 ༢༠༠༤ལོའི《སྦྲང་ཆར》དེབ་དང་པོ་ལས་བདམས།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།(སྙན་ཚོམ།)

 

༡  རྨི་ལམ་གྱི་ཤམ་བྷ་ལ།

 

ཞོགས་པར། 

སྦྲ་ནག་གི་ཆོན་སྟེང་ནས་དར་ལྕེ་ལྷབ་ལྷུབ་བསྐྱོད་ཅིང་།

བསང་དུད་སྔོ་ལོང་ལོང་གི་སྐྱེལ་མའི་ཁྲོད་ནས།

ཕ་ཡུལ་དང་ལྟེ་ཐག་བཅད་དེ་ལམ་ལངས་བྱས་ཚར་བའི་བདག

མོ་ལོ་བཅོ་ལྔའི་གཞུང་ནས། 

གནས་ཡུལ་སྙེག་པའི་སྲིང་ཆུང་མ་ཇི་བཞིན།

རྒྱབ་ཕྱོགས་ཀྱི་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

རི་ལུང་གི་ལྟེབ་གཉེར་བར་ནས་ངལ་གསོ་ཕྲན་ཙམ་རྒྱག་རྒྱུ་དྲན་ལ།

ཤ་མར་དང་འོ་ཞོའི་དྲི་ངད་འཁྱིལ་བའི་སྦྲ་ནག་རེ་རེར།

ཨ་མའི་བྱང་སེམས་དང་ཨ་ཕའི་ཐུགས་ཁུར་འཐིམ་ཡོད་ཅིང་།

རྫ་ཆུ་བསིལ་མ་ལྟ་བུའི་ཕུ་ནུ་མིང་སྲིང་དག་གི་ཞལ་འཛུལ།

ལམ་འགྲམ་གྱི་མེ་ཏོག་ཇི་བཞིན་རླུང་གིས་མི་འཁུར་བའི་སྨོན་འདུན་དྲན་ཡོང་།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

རྟ་མཆོག་གི་རྨིག་སྒྲས་དཀྲོག་པའི་རྩྭ་ཐང་གི་རྒྱ་ཁྱོན་ཆེན་མོ།

ང་རང་ནར་སོན་སའི་ན་ཁུགས་ཇི་བཞིན་མཛེས་སྡུག་གིས་རྒྱང་ལ་བསྲིངས་ཤིང་།

ས་སྒང་གི་སྤྱི་གཙུག་ནས་ཉི་ཟླ་སྐར་གསུམ་གྱི་མཆོད་མེ་བཏེགས་ཡོད་པ་དྲན་ཡོང་།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

གཡང་དཀར་གྱི་འབའ་གཞས་ཕྲ་མོས་རི་ལུང་གི་ཉིན་སྲིབ་བརྗེ་ཞིང་།

ནོར་ནག་གི་རྭ་རྩེ་གོར་མོས་ཉིན་མཚན་གྱི་དབྱེ་བ་ཕྱེས་པ་དྲན་ཡོང་།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

རྡེའུ་འབུམ་དང་དར་ལྕོག་གི་ཉག་ཁ་རེ་རེར།

ལྷ་སྒྲུང་ལས་གསོན་པའི་མེས་པོ་རེ་རེའི་སྐྱབས་འཇུག་སྨིན་ཞིང་།

བདག་གི་རྒྱབ་རྩར་རྔམ་བརྗིད་ཀྱི་རི་བོ་རེ་རེར་སྤྲུལ་ཡོད་ངེས

ཕྱི་མིག་གི་རྫ་རིར་སྨུག་པ་བན་བུན་ཞིག་འཐིབ་པ་ཡང་།

ཡུལ་མི་སུ་ཞིག་གིས་བདག་གི་མ་འོངས་པར་ཕུལ་བའི་བསང་དུད་དེ།

དར་ལྕོག་དང་རླུང་རྟ་ཇི་བཞིན་ཕ་ཡུལ་གྱི་མཁའ་ནས་མཐོ་རུ་འཕྱོ།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

ཕ་ཡུལ་ནི་བརྒལ་མི་ཚར་བའི་རྨི་ལམ་གྱི་ཤམ་བྷ་ལ་སྟེ།

རྨི་ལམ་གྱི་ཤམ་བྷ་ལ་ནི་ཕ་ཡུལ་གྱི་བུ་དང་བུ་མོ་ཚོའི་རྩེད་ར་གོར་མོ་ཡིན།

ད་ལྟ།  རྩེད་ར་འདིའི་ཁྲོད་ནར་སོན་པའི་བུ་ཆུང་བདག་རྒྱང་ལ་ཆས་དགོས།

 

 ༢ འགྲུལ་བཞུད་ཀྱི་ལམ་དུ།

 

ཡོད་ཚད་ཀྱི་ཕྱི་ནང་ཡང་ཡང་སློག་ནས།

རང་ཉིད་ཀྱི་ཡང་སྙིང་གང་ཞིག་འཚོལ་རན་དུས་སུ།

ང་རང་ཕ་ཡུལ་ནས་ལམ་ལ་ཆས་ཟིན།

 

ཕྱི་མིག་གི་མཛེས་སྡུག་ཡོད་ཚད་ཆུ་མིག་བཞིན་གཡའ་དག་ཅིང་།

ཆུ་མིག་བཞིན་གཡའ་དག་པའི་ཡུལ་མི་དག་གི་སྨོན་འདུན་རེ་རེ།

ནམ་ཡང་།  བདག་གི་སྙིང་ཁོང་ན་མར་མེ་བཞིན་དྲོད་ཀྱིས་འཕྱོ་བ་དྲན་ན།

ཕ་ཡུལ་ནི་ནམ་ཡང་ཧ་ཅང་ཐག་ཉེ་ཞིག་ན།  

ཡང་ན།  བདག་ནི་ནམ་ཡང་ཕ་ཡུལ་གྱི་ཁྱིམ་མཚེས་ཡིན་འདྲ།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

རྔམ་བརྗིད་ཀྱི་རྫ་རི་དང་ཞི་འཇམ་གྱི་མཚོ་མོ་དག་ནི།

བདག་གི་ཨ་མྱེས་ཀྱི་གཏམ་རྒྱུད་ཁྲོད་ནས་རོ་ལངས་བརྒྱབ་འདྲ།

ད་ལྟ།  གཏམ་རྒྱུད་ཁྲོད་ཀྱི་དཔའ་རྒོད་དག་རྒས་དྲགས་ནས།

ཞི་འཇམ་གྱི་མ་ཡུམ་སུ་ཞིག་གི་འཛུམ་ཀོང་དྲན་མི་སྲིད་ཨང་།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

རྒྱང་རིང་གི་རྨི་ལམ་མང་པོ་དྲན་པར་ཡང་ཡང་སྒོམ་ཡང་།

ཆེས་ཉེ་བ་ནི་སྔར་བཞིན་ཕ་ཡུལ་གྱི་རྫི་གླུ་རེ་རེ་རེད།

རྫི་གླུ་རེ་རེས་གྱེར་བའི་ཕ་ཡུལ་གྱི་ནམ་མཁའ་དང་རྩྭ་ཐང་རེད།

རྩྭ་ཐང་གི་ལུག་ཁྱུ་དང་སྤྲིན་དཀར་གྱི་འཐམ་འཁྱུད་རེད།

དེ་གཉིས་ཀྱི་བུ་དང་བུ་མོ་དག་གི་ཁོད་ཡངས་པའི་སེམས་རྒྱ་རེད།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

བདག་ནམ་ཡང་ཁེར་རྐྱང་གི་འགྲུལ་བཞུད་པ་མ་ཡིན་ཏེ།

རྡོག་ལམ་གྱི་ཚེར་མས་བརྐོས་པའི་ན་ཟུག་གི་རྨ་ཁ་དག་ལས།

རྣག་ཁྲག་གི་ཐ་སྙད་ཕྲེང་དུ་བསྟར་ནས།

ཕ་ཡུལ་ཕ་ཡུལ་ཞེས་བདག་གི་སྙིང་ཁར་སེན་འདྲད་བྱེད།

 

 ༣  སླེབས་སྔ་བའི་དགུན་ལྗོངས།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

བདག་གི་མིག་ཆུའི་གསེང་ན་སྐགས་འདུག་པ་ནི།

ཕ་ཡུལ་ལས་རིང་བའི་རྒྱང་རིང་ཅི་ཞིག་ཡིན་ནམ།

ཡང་ན།  རྒྱང་རིང་ལས་རིང་བའི་ཕ་ཡུལ་གང་ཞིག་ཡིན་ནམ།

 

རྨི་ལམ་ཐུན་གཅིག་གི་རིང་ཐུང་བརྩད་ནས།

མི་ཡུལ་གྱི་རྩེད་རྭར་ངང་གིས་འདུས་པའི་ང་ཚོ།

དྭངས་གཙང་གི་བྱིས་བློའི་སྒོ་ཐེམ་བརྒལ་མ་ཐག

ཡིད་འོང་གི་གཏམ་རྒྱུད་ཡོད་ཚད་མཇུག་རྫོགས་རན་ཞིང་།

རང་བྱུང་ཁམས་ཀྱི་ཐིག་ཕྲེང་རེར་བསྟར་བའི།

རླུང་དང་ཁ་བ།  གྲང་ངར་གྱི་ཡིག་འབྲུའི་ཚོགས་ཀྱིས།

ང་ཚོའི་དྲོད་འཇམ་གྱི་དྲན་པའི་ཁོང་གསེང་དུ།

སླེབས་སྔ་བའི་དགུན་ལྗོངས་ཤིག་ཁད་ཀྱིས་བཞེངས།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

འབབ་སྔ་བའི་དགུན་ཟླ་ཞིག་གི་ཁ་བ།

འདི་ལྟར།  ས་སྒང་གི་སྐྱི་གསེང་ལ་ག་ལེར་འཐིམ་ཞིང་།

བ་སྤུ་ལྟ་བུའི་རྩྭ་སྐྱ་དང་འཇག་མ་ཁོ་ནས།

ང་ཚོ་དང་མཉམ་དུ་གྱེས་གདུང་གི་ཤུགས་གླུ་གྱེར་ལ

ན་བུན་མ་དྭངས་པའི་ཞོགས་གསར་གྱི་རི་ཀླུང་དག་ཀྱང་།

ང་ཚོའི་སེམས་ཡན་ཇི་བཞིན་རབ་རིབ།

 

ཕ་ཡུལ་ནས་ལམ་ལ་ཆས་ཐེངས་རེ་རེར།

ང་ཚོའི་རེ་སྨོན་གྱི་མེ་ཏོག་དང་ཕུགས་འདུན་གྱི་ཆུ་མོ།

སླེབས་སྔ་བའི་དགུན་གཞུང་དུ་ཐོལ་གྱིས་སྐམ་ཞིང་།

ཡིད་བརྙན་གྱིས་བཞེངས་པའི་རྣམ་ཤེས་ཀྱི་ལྗོན་པ་དང་།

རྟོག་བཏགས་ཀྱིས་གྲུབ་པའི་གསེར་མདོག་གི་ལོ་མ་ཡང་།

ད་ནི།  སེར་ཐིག་ལྷུང་པའི་ན་ཟུག་ཁྲོད་རྒས་ཟིན་ན།

སྙན་ངག་ལྟ་བུའི་རྒས་མེད་ཀྱི་སེམས་གསོ་ཅི་ཞིག་གིས།

ང་ཚོའི་འོད་ཟེར་གྱི་མ་འོངས་པའི་ཁ་ཕྱོགས་སྲུང་ངམ།

༢༠༠༨ལོའི《གངས་རྒྱན་མེ་ཏོག》དེབ་གསུམ་པ་ལས་བདམས།  

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།