ཀྲུང་གོ་བོད་ཀྱི་དྲ་བ།

ཀྱེ་ཕུར་མཆོག་གསུམ་གྱི་སྙན་ངག་ཆེད་བསྒྲིགས།

ཡོང་ཁུངས། : གངས་རྒྱན་མེ་ཏོག   རྩོམ་པ་པོ། : ཀྱེ་ཕུར་མཆོག་གསུམ།   སྤེལ་དུས། : 2016-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

吉普却三_副本.jpg

ཀྱེ་ཕུར་མཆོག་གསུམ་དུ་འབོད་པའི་ཁོ་ནི་ལོ་རབས་བརྒྱད་ཅུའི་སྟོད་ལ་མདོ་སྨད་མང་ར་རྫོང་གི་ཐར་ཤུལ་ཡུལ་ཚོར་འབོད་པའི་འབྲོག་སྡེ་ཞིག་ཏུ་ངུ་ངག་གི་དབྱངས་རྟ་ཐོག་མར་མཆེད་དེ་མི་ཡུལ་གྱི་མགྲོན་པོར་གྱུར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པར་བརྒྱུད་དེ་ད་ལྟ་མདོ་ལྷོའི་འབྲོག་སྡེ་ཆེན་མོ་རྨ་ཆུ་རུ་མི་རིགས་སློབ་གསོའི་ལས་དོན་ལ་འབད་ཀྱིན་ཡོད།ལས་ཞོར་དུ་རང་གི་དགའ་མོས་ཀྱི་ལྟག་ཆུ་ཆད་དུ་མ་བཅུག་པར་རྩོམ་རིག་ཅེས་པའི་ཐ་སྙད་ཀྱི་ལུག་ཁྱུ་འཚོ་མཁན་གྱི་རྫི་བོ་དཀྱུས་མ་ཞིག་ཏུ་གྱུར་ཏེ་ད་ལྟའི་བར་དུ༼སྦྲང་ཆར༽༼གངས་རྒྱན་མེ་ཏོག༽༼མཚོ་སྔོན་མང་ཚོགས་སྒྱུ་རྩལ༽༼གངས་ལྗོངས་རིག་གནས༽༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽༼བོད་ལྗོངས་སློབ་གསོ༽༼གངས་རྒྱན་ན་ཆུང་ཚགས་པར༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽༼ཟླ་ཟེར༽སོགས་སུ་ལྷུག་རྩོམ་དང་བཅད་རྩོམ་གཙོས་རྩོམ་ཡིག་བཅུ་ཕྲག་ཁ་ཤས་བཀོད་མྱོང་། ཉིས་སྟོང་གསུམ་ལོར་གངས་རྒྱན་ན་ཆུང་ཚགས་པར་གྱིས་སྤེལ་བའི་བོད་ཁམས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་གསུམ་པ་ཐོབ། ཉིས་སྟོང་བཅུ་ལོར་ཟི་ཁྲོན་ཞིང་ཆེན་གྱི་མཐུ་སྟོབས་རྡོ་རྗེ་རྟགས་མའི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་།


ཡིད་ཀྱི་སྤང་ལས་འཁྲུངས་པའི་རོལ་དབྱངས།

ཀྱེ་ཕུར་མཆོག་གསུམ།


རྩྭ་ཐང་གཡུ་ཡི་མཎྡལ་སྔོན་པོ་རབ་འབྱམས་དར་གྱི་ཐགས་སུ་ཀླས། །

མེ་ཏོག་ཐང་ཀའི་དཀྱིལ་འཁོར་རི་མོ་དབྱར་གྱི་དཔལ་ལ་ལེགས་པར་སྨིན། །

སྦྲང་ཆུང་གསེར་ལོའི་གཤོག་སྒྲས་ཅོང་བརྡས་རྐང་བཞིའི་རྣ་བར་སྙན་པ་འཁོར། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་སེམས་གསོའི་རུ་དཔུང་ཕྲེང་དུ་བསྒྲིགས། །

 

སྦྲ་ནག་མེས་པོའི་གདུང་རྒྱུད་ཆད་པས་སྦྲ་དཀར་ཤྭ་མོ་སྤང་ལ་བཀྲམ། །

འབྲོང་གཡག་དཔའ་རྒོད་གཡུལ་ལ་ཆས་པས་ཐུལ་དཀར་འབྲི་མོའི་འོ་ཞགས་ཆད།

གཡང་དཀར་ལུག་ལ་ཁ་གྲངས་ཉུང་ཞིང་འབའ་སྒྲའི་དྲིལ་བུ་གཉོམ་དུ་འཁྲོལ། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་སེམས་ཁྲལ་གདོན་གྱི་ན་བུན་འཁོར། །

 

རྫི་བོ་གཞོན་ནུའི་མཛའ་གཞས་ལྷོད་པོ་རི་སུལ་ནགས་མའི་མངལ་དུ་སྤྲུམ། །

ན་ཆུང་མིག་གི་ཟུར་མདའ་ཕྲ་མོས་གཞན་དབང་བཀག་རྡོའི་བགྲོད་ལམ་གཡོལ། །

བརྩེ་སེམས་དར་གྱི་མདུད་པའི་ཨ་ལོང་དུས་རབས་ཁྲོ་མོས་ཡུན་གྱིས་གཤིག།

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་སོམ་ཉིའི་རྒྱ་རྙི་མང་དུ་ཚུད ། །

 

ཨ་ཕའི་དཔའ་རྟགས་མེ་རི་དམར་པོ་དུས་རླུང་གཤེད་མས་རྒྱང་ལ་བྱེར། །

ཨ་མའི་མཁས་མཛངས་གཡུ་མཚོ་སྔོན་མོ་སྲོལ་ངན་ཉི་མས་ཙད་ཀྱིས་སྐམ། །

ཕུ་ནུའི་མཛའ་མཐུན་དུང་རིའི་དཔུང་རྡང་མྱི་ཁའི་བྲུག་ཆུའི་རྨང་ནས་བསྒྱེལ། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་ཕྱི་འགྱོད་རླབས་ཀྱི་མཚོ་མོ་འཕྱུར། །

 

ཨིནྡྲ་ནི་ལའི་གཡུ་ལྗོངས་སྔོན་མོ་གདོན་འདྲེ་བྲ་བ་རྒྱ་བོས་སློག།

གཡུ་ཞུན་མཚོ་མོའི་སེམས་རྒྱུད་དྭངས་མ་ནུབ་རླུང་འདམ་གྱིས་རྨང་ནས་སྦགས། །

རང་སྡེ་མར་ཁུའི་མཆོད་སྐོང་ངོས་ལ་ཡུལ་གྱར་སྲིན་བུ་མེ་ལྕེབས་འཁོར། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་བཙན་འཛུལ་ཕ་བོང་དགུ་རུ་བརྩེགས། །

 

ལྷོ་ནས་ལྡང་བའི་དྲི་གཞོན་བུ་མོས་བདག་གི་འཛུམ་ཆུང་བརྐུས་ཏེ་བྲོས། །

གནམ་ནས་བབས་པའི་དྲག་ཆར་རྒོད་པོས་ཕྲན་གྱི་སེམས་ཁམས་བརླན་ཏེ་སོང་། །

ས་ཆེན་འགུལ་བའི་གནོད་འཚེ་དྲག་པོས་ང་ཡི་གཉེན་ཉེ་འཕྲོག་སྟེ་ཤོར། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་ཚད་མེད་གྱོང་གུད་མང་དུ་རེག།

 

དུས་རླུང་མུ་ནས་མུ་རུ་གཡུག་སྟེ་ཀ་ཁའི་བཀྲག་མདངས་ཁྱོན་ནས་ཤོར། །

དུས་ཆར་རྟག་ནས་རྟག་ཏུ་བབས་པས་དབྱངས་གསལ་གཉིས་ཀྱི་སྡེབ་སྦྱོར་འཆོལ། །

དུས་ངན་སྙིགས་མའི་མཐའ་ལ་ཐུག་གམ་འཇིག་རྟེན་ཨ་མའི་བྲང་གཞོང་རལ། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་འགྲོལ་དཀའི་དྲི་བ་མང་དུ་འཕངས། །

 

མཚན་མོའི་སྐར་ཚོགས་སྐྱོ་བས་འདར་རམ་ལྷེམ་ལྷེམ་མིག་ཟུང་ཁྱོན་ལ་ཅེར། །

ཉིན་མོའི་མགོན་པོ་ཐབས་ཀྱིས་དབེན་ནམ་ཕྱོགས་ཞེན་ངོ་གདོང་ལན་དགུར་འགྱུར། །

ས་ཆེན་རྒྱལ་མོའི་སྤྲུལ་འགྱུར་ཡིན་ནམ་དུས་བཞིའི་འགྱུར་བ་རེས་སུ་འཁོར། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་ཚོར་བའི་མདུང་མོ་མང་དུ་ཟུག །།

 

སྦྲ་ནག་ཁ་ཞེང་ཨ་མས་བལྟབས་ཤིང་ལྟེབས་གཉེར་རལ་བའི་ལོ་ཟླའི་ནང་། །

འདོ་བའི་བང་ཁ་ཨ་ཕས་བརླམས་ཤིང་བླ་སྲོག་དོར་བའི་དེ་རིང་ལ། །

རིགས་ཀྱི་དུངས་ཞེན་ཕུ་ནུས་བརླགས་ཤིང་བླ་བཙོང་ཝ་མོའི་ཁྱུ་ཚོགས་འདི། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་དྲན་ཤེས་སྤྲིན་ནག་ཡང་ཡང་འཁོར། །

 

གཞུང་ལམ་སྦྲུལ་གྱི་ཁུག་པ་བཅོ་བརྒྱད་རི་ཐང་འཕྱོན་མའི་མགུལ་དུ་འཁྱུད། །

ཙན་རྩལ་གློག་གི་ཞགས་པ་རིང་མོ་བྲང་གཞུང་གུར་གྱི་ཀ་བར་འཁྱུག།

དུས་ཀྱི་བརྡ་རྟགས་ཕྱོགས་སུ་སྦྲེལ་བས་མི་སེམས་རློན་པའི་ཕྱི་ནང་སློག།

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་ཚོན་མེད་རྨ་ཁས་བསྒྲིབ་གཡོག་བརྒྱབ། །

 

མདོ་སྔགས་བསྟན་པའི་ཉིན་བྱེད་སེར་པོར་དགག་ཚིག་སྤྲིན་པས་བསྒྲིབ་པ་ཡི། །

དུས་འདི་སྲིན་པོའི་མཆེ་བ་ཉིད་དེ་ཕྱོགས་བཞིར་མདུང་གི་རྩེ་བཞིན་འཛིངས། །

སྐྱེ་བུའི་ཕོ་ཚོད་ཡར་ངོའི་ཟླ་བ་མི་འདོད་གཟའ་ཡིས་རྣམ་ཀུན་བཟུང་། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་དངན་པའི་མདའ་མོ་ཡར་ཡང་ཤོར།  །

 

ཐང་གཞོང་མར་གད་མཚོ་རུ་འཁྱིལ་ཞིང་མཚོ་ལ་རི་སྐྱེས་སྤྲིན་དུ་ཆགས། །

སྤྲིན་པའི་རྔམ་ཁ་གླུ་སྒྲས་བསྟད་ཅིང་གླུ་ལ་རྣམ་ཤེས་འཁོར་བ་ཡི། །

མེས་པོའི་མངའ་ཐང་གསེར་གྱི་མཁའ་ལ་སྙན་གྲགས་དར་གྱི་ལ་ཐོད་གཡོ། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་ང་རྒྱལ་རྭ་ཅོ་ཟུང་དུ་སྐྱེས།  །

 

ཕ་ཁུ་དུང་གི་རུས་པ་ཅན་ཚོའི་རྣམ་དཔྱོད་གླག་མོ་མཁའ་ལ་འཁྱུག།

མ་སྲི་གཡུ་ཡི་རལ་བ་ཅན་ཚོའི་ཐབས་ཀྱི་མཚོ་མོ་ལྟེམས་ཀྱིས་འཕྱུར། །

སྤུན་ཟླ་སྙིང་ན་རུས་པ་ཅན་ཚོའི་དགྲ་ལ་སྤྱན་གྱི་གློག་ཞགས་འཁྱུག། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་མཆེད་ཁུངས་གཙང་མའི་མཚོ་མོ་འཁྱིལ། །

 

གནའ་ཡི་མེས་པོ་གནམ་ལ་གཤེགས་ཀྱང་གནམ་གྱི་ཁ་དོག་ངས་མི་ཚོར། །

ཡར་ལུང་བང་སོ་མཁའ་ལ་བཏབ་ཀྱང་མཁའ་ཡི་འཇའ་ཚོན་ངས་མི་ཟིན། །

སྲོང་བཙན་བློ་གྲོས་མེ་རུ་འབར་ཡང་ང་ཡི་གློ་མཆིན་དྲོས་མི་སྲིད། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་ཐོབ་ཤོར་མེ་རུ་རླབས་ཀྱིས་འཕྱུར། །

 

རང་གི་ལུས་ཕུང་མེ་རུ་སྒྲོན་ནས་རང་གི་མདུན་ལྗོངས་ཐབས་ཀྱིས་བཙལ། །

རང་གི་དོན་སྣོད་བདུད་རྩིས་བཀྲུས་ནས་རང་སེམས་གཙང་མ་གླིང་ལ་མཆོད། །

རང་དོན་ལྕགས་ཀྱི་རིལ་བུ་འཆའ་ལ་སྤོབས་པའི་རྣོ་ཡི་མཆེ་བ་གལ། །

འདི་ལྟར་བདག་བློ་གཉོམ་ཆུང་བུ་ལ་དཔའ་ངར་ཅོང་བརྡ་ལན་དགུར་བསྒྲགས། །

 སྦྲང་ཆར་སྟེང་དུ་བཀོད་ཟིན།


ཨ་མ་དང་ལོ་ཟླའི་གས་ཆག

 

ལོ་རྒན་བདུན་ཅུས་དུང་སོ་དཀར་མོའི་ཕྲེང་ཐགས་གནོང་མེད་སེམས་ཀྱིས་བཅད། །

ལོ་རྒན་བདུན་ཅུས་དབུ་སྐྲའི་ཞྭ་མོ་དགོས་མེད་དབུ་ལ་བཙན་གྱིས་གསོལ། །

ལོ་རྒན་བདུན་ཅུས་མིག་གི་རྒྱལ་མོ་འཇབ་བུའི་ཟོལ་དུ་དལ་གྱིས་འཕྲོག།

ལོ་རྒན་བདུན་ཅུས་ཨ་མའི་སྐུ་ལུས་བརྙས་པའི་བརྡ་རུ་གཞུ་ལ་བཀུག།

 

ཨ་མ་གནམ་གྱི་རྒྱལ་མོ་མིན་ཡང་ཨ་མའི་སེམས་རྒྱ་གནམ་ལས་ཡངས། །

ཨ་མ་ས་ཡི་གཞི་འཛིན་མིན་ཡང་ཨ་མའི་གཤིས་ཀ་སྤང་ལས་མཛེས། །

ཨ་མ་ཐམས་ཅད་མཁྱེན་པ་མིན་ཡང་ཨ་མས་ཐམས་ཅད་མཁྱེན་ཡང་སྲིད། །

ཨ་མ་ལོ་ཟླའི་རྒས་གཉེར་ཁྲོད་ན་མིག་ཟུང་རབ་རིབ་བུ་ལ་འཁོར། །

 

ཁ་སང་མཐིང་སྨུག་སྦྲ་ཡི་འདབ་ན་ཨ་མའི་འཛུམ་ཆུང་མེ་ཏོག་འཐོར། །

ཁ་སང་ཐུལ་དཀར་འབྲུ་མོའི་འགྲམ་ན་ཨ་མའི་འཇོ་གླུའི་གཏམ་རྒྱུད་ལུད། །

ཁ་སང་རང་ཁྱིམ་དྲོན་མོའི་དབྱིངས་ན་ཨ་མའི་བརྩེ་མཚར་སྤྲིན་དུ་ཆགས། །

ཁ་སང་བུ་ཆུང་ང་ཡི་མདུན་ལམ་ཨ་མས་རྔུལ་ཆུས་ཡང་ཡང་བཀྲུས། །

 

དེ་རིང་བསམ་གཞིག་ལྕི་མོའི་ཀློང་ན་ཨ་མས་དངན་པ་གྲངས་སུ་རྩི། །

དེ་རིང་རྒོད་པོ་འཕུར་བའི་ཤུལ་ན་ཨ་མས་དྲན་པའི་སྔས་གཞི་བརླན། །

དེ་རིང་འཚོ་བ་མགུར་དུ་བཞེངས་ཀྱང་ཨ་མས་དྲན་པའི་ཟིན་ཚོད་མེད། །

དེ་རིང་ཉི་ནུབ་དགོང་ཁའི་ཁིས་ན་ཨ་མའི་ལུས་པོ་ལམ་ལམ་འཚེར། །

 

ཨ་མས་འཇིག་རྟེན་སྟེགས་བུར་བཞེངས་ཏེ་དགའ་སྐྱོའི་ཟློས་གར་ཅི་ཡང་འཁྲབ། །

ཨ་མས་ཟུངས་ཁྲག་ཇ་རུ་སྐོལ་ནས་བུ་ལ་མགྲོན་ཁ་མང་དུ་བྱས། །

ཨ་མས་ངག་ཚིག་ཆུ་རུ་གདུས་ནས་བསླབ་བྱའི་གཡོས་སྦྱོར་བུ་ལ་བརྩམས། །

ཨ་མས་སྣོད་བཅུད་འདྲི་གཞིའི་ཁྲོད་ནས་སྤོབས་པའི་སྙིང་སྟོབས་ལན་དགུར་བཙས། །

 

ང་ཡི་སྙན་ངག་ཚིག་གི་བར་ན་ཨ་མའི་རྒས་གཉེར་ལྟེབས་ཀྱིན་ཡོད། །

ང་ཡི་ཐུན་གསུམ་རྨི་ལམ་ཁྲོད་ན་ཨ་མའི་བཀའ་དྲིན་ཟློ་བཞིན་ཡོད། །

ང་ཡི་སེམས་ཀྱི་གཡུ་སྦྲང་གཞོན་ནུ་ཨ་མའི་ལུས་ཀྱི་པདྨར་འཁོར། །

ང་ཡི་འཚོ་བའི་རི་སུལ་རེ་ན་ཨ་མར་དུངས་པའི་རྡེའུ་འབུམ་སྤུངས། །

 

ཨ་མ་བདག་གི་མཚན་ལྗོངས་གསལ་བའི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཡིན། །

ཨ་མ་བདག་གི་ལམ་སྣ་འདྲེན་པའི་ཐོ་རེངས་བསུ་བའི་སྐར་ཆེན་ཡིན། །

ཨ་མ་བདག་གི་རྨོངས་བློ་གཏོར་བའི་གནམ་ལྕག་ཐོག་གི་དོ་ཡ་ཡིན། །

ཨ་མ་བདག་གི་འགྲོ་འདུག་སློབ་པའི་ལས་ཀྱི་སློབ་དཔོན་དང་པོ་ཡིན། །

 

དུས་ཀྱི་གོམ་འགྲོས་མདུན་དུ་བསྐྱོད་ན་ཨ་མའི་སེམས་ཀྱི་གཏིང་སར་ལྷུང་། །

དུས་ཀྱི་སྲིན་མོའི་ཁྲོ་གཉེར་དབུས་ན་ཨ་མའི་སེམས་ཁྲལ་ཉམས་སུ་ཐག།

དུས་ཡུན་ཞིག་གི་མནར་གཅོད་དྲག་པོས་ཨ་མ་སྟོན་གྱི་སྡོང་ལོར་འཁུམས། །

དུས་ལ་བྱམས་པའི་བརྩེ་བ་དབེན་ཡང་བདག་གི་བརྩེ་འཕྲིན་རི་བཞིན་བརྩིགས། །

 

ཉིན་དང་མཚན་གྱི་གོ་རིམ་བར་ནས་ཨ་མ་ཡིད་ཀྱི་གསོས་སུ་སྨིན། །

ཨ་མའི་བཀའ་དྲིན་སྙིང་ལ་འཕགས་པས་ལུས་ཀྱི་འཁྲི་ཤིང་ལྕུག་ལྕུག་འདར། །

ཨ་མའི་ལང་ཚོ་མིག་ལ་ཤར་ན་དོན་གྱི་སྙིང་བོས་ཀུན་ནས་དབེན། །

ཨ་མའི་འདས་སོང་གཏམ་རྒྱུད་ཆུ་མོ་དྲན་པའི་དབུས་སུ་རླབས་ཀྱིས་འཕྱུར། །

 

ཨ་མའི་བཀའ་དྲིན་ཡི་གེའི་དྲུག་མ་རྨི་ལམ་ཞིང་ན་ཡང་ཡང་ཟློ། །

ཨ་མའི་རྔུལ་ཆུའི་ཐིག་པ་དཀར་པོ་དོན་སྣོད་ཁམས་ལ་ཡང་ཡང་འཁྱིལ། །

ཨ་མའི་ལྷག་བསམ་ཚིག་གི་སྦྱོར་བ་རྟག་ཏུ་ངག་ལ་ཡང་ཡང་འཁོར། །

ཨ་མའི་བཀའ་དྲིན་རི་རབ་ལྷུན་པོ་འདྲེན་བྱེད་ཟུང་གི་འབེན་ལ་ཕོག།

 ༢༠༡༡ལོའི་ཟླ༥པའི་ཚེས༡༣ཉིན་གྱི་ཁྲིམས་ལུགས་ཚགས་པར་སྟེང་དུ་བཀོད།

 

དུས་ལ་གླན་པའི་སེམས་པ།


འཚོ་བའི་ཆུ་མོ་འདམ་གྱིས་སྦགས་ཀྱང་རང་སེམས་གཙང་མ་ཀ་ཤིའི་རས།།

འཚོ་ལམ་གསེར་གྱི་ཟམ་པ་ཆད་ཀྱང་སྙིང་སྟོབས་དགུ་འགྱུར་རྡོ་རྗེ་བྲག།

འཚོ་སྟངས་སྡུག་པོ་སྙིང་ལ་གཟན་ཡང་རང་ཚུགས་མི་འགྱུར་གངས་རིའི་བུ།།

འཚོ་བཞུགས་དུས་ཀྱི་ཉི་འོད་སྣུམ་པོ་རང་ནུས་རྩལ་གྱིས་དཔལ་དུ་སྤྲུགས།།

 

དུས་རབས་རྟ་ཕོ་བང་གིས་རྒྱུགས་ཀྱང་ཞབས་རྗེས་རི་མོ་ཤུལ་ན་མེད།།

དུས་ཐུང་དབུགས་ཀྱི་རྒྱུ་བའི་བར་ནས་འབད་བརྩོན་མེ་ཏོག་ཁད་ཀྱིས་རྙིད།།

དུས་ཚོད་སྲོག་གི་རིན་ཐང་མ་ཚོར་ལ་ལ་སྨྱོ་ཧམ་གར་གྱིས་མྱོས།།

དུས་ནི་གོམ་པའི་འདེགས་འཇོག་བར་ནས་ཁད་ཀྱིས་ཤོར་བའི་དམར་ཆུང་སྲོག།

 

ཁ་སང་མཐིང་སྨུག་སྦྲ་ཡི་ཞིང་ན་གནའ་གཏམ་ལུ་གུའི་མེ་ཏོག་འཐོར།།

ཁ་སང་ཅང་ཤེས་རྟ་ཕོའི་འགྲོས་ཀྱིས་ན་ཆུང་གཞོན་ནུའི་རྩེ་དགོད་རྒུམ།།

ཁ་སང་འབྲི་མོའི་འཇོ་དབྱངས་སྙན་མོས་སྟག་ཤར་སྟོང་ལ་བསམ་གཞིག་བསྩལ།།

ཁ་སང་སྲོལ་རྒྱུན་གསེར་ནག་ཞགས་པས་གངས་རིའི་ཞིང་ལ་དཀྲིས་གསུམ་བརྒྱབ།།

 

དེ་རིང་ཨ་མའི་པགས་ཚག་ནོར་བུ་གད་སྙིགས་སྟོང་གི་སུལ་ལ་བརྫངས།།

དེ་རིང་ཡིག་དྲུག་མ་ཎིའི་དབྱངས་འགྲོས་མདོ་མེད་གླུ་བའི་ངག་ན་འཆོལ།།

དེ་རིང་རིགས་ཀྱི་དུངས་ཞེན་མཚོ་མོ་དུས་ཀྱི་གཡོ་སླད་གཡའ་ཡིས་གོས།།

དེ་རིང་མཆོང་བསྐྱོད་གོམ་འགྲོས་བར་ན་ཉམས་རྒུད་གདོན་འདྲེ་གབ་ཀྱིས་སྦས།།

 

གསར་གཏོད་རི་བོ་མཐོ་རུ་འཕགས་ཀྱང་ཉམས་རྒུད་མཚོ་མོ་སྐམས་ཀྱིན་འདུག།

སྤོབས་པའི་གྲི་ལ་རྣོ་དབལ་ལྡན་ཡང་རང་མགོ་རྨོངས་པའི་གཤེད་དུ་འགྲོ།།

མདུན་བསྐྱོད་ཆུ་མོར་ཤག་སྒྲ་ཆེ་ཡང་བག་ཕེབས་རྣ་བར་གཟན་པ་འཁོར།།

འཇིག་རྟེན་ལམ་ལ་གོམ་ཆུང་སྤོ་རྒྱུ་རླུང་ཁའི་མར་མེ་སོམ་ཉིས་དལ།།

 

རང་ལ་ཁེ་ཕན་རི་ལྟར་བརྩིགས་ཀྱང་གཞན་གྱི་གྱོང་གུད་ཟླ་ལྟར་འཕེལ།།

རང་སེམས་གཙང་མ་གོས་ལྟར་དཀར་ཡང་གཞན་སེམས་ནག་པོ་སོལ་གྱིས་སྦགས།།

རང་བློ་བདེ་བའི་གླུ་ཞིག་བླངས་ཀྱང་ཕ་རོལ་བུ་ཡི་འཚང་ལ་ཕོག།

རང་དོན་འགྲུབ་པའི་ལས་ལ་འབད་ཀྱང་རང་སེམས་ཤོག་སྐྱ་ཐར་ཅིག་རེད།།

 

མཁས་པ་མཁས་པས་རང་ལུགས་བརྩད་ནས་སྡིག་གི་ཞེ་འཁོན་སྙིང་ལ་གཟན།།

བཙུན་པ་བཙུན་པས་གྲུབ་མཐའ་བརྩད་ནས་སྤྱོད་ངན་ལས་ཀྱི་སྦྱོར་བ་རྩོམ།།

སློབ་མ་སློབ་མས་ཕྲག་དོག་དུག་གིས་མི་སེམས་སྲེག་པའི་ཁེ་ཚོང་བྲིན།།

བོད་ཡུལ་གངས་རིའི་དག་ཞིང་འདི་ན་ནང་འཁྲུག་ལས་ཀྱི་འཁོར་ལོ་བསྐོར།།

 

རིགས་ཀྱི་བརྩེ་བ་གངས་ལ་བཅོལ་ནས་རིག་པར་འབད་པའི་ཨ་མའི་བུ།།

གདོང་དམར་བོད་པའི་གཅིག་མཐུན་སྤུན་ཟླར་མཛའ་བརྩེ་གསེར་ཐག་སྦྲེལ་ལ་ཤོག།

སྦྲ་ནག་ཁྱིམ་ཆེན་གཅིག་ནས་གྱེས་པའི་ནང་མི་ཕ་མ་སྤུན་མཆེད་ཚོ།།

མཐུན་པའི་ལག་རྡང་མཉམ་དུ་སྦྲེལ་དང་གངས་རིའི་ཞིང་ལ་ངོ་མཚར་བསྐྲུན།།

 

ལུས་ཀྱི་རིན་ཐང་ནོར་ལ་མ་འཛེམས་ལོངས་སྤྱོད་ཁུག་མ་སྤྲུགས་སྤྲུགས་བྱོས།།

ངག་གི་ལྷ་མོའི་དུངས་སེམས་རློན་པ་དམར་ཆུང་སྙིང་གི་མཆིན་ལ་སྦྱོར།།

འདུ་ཟིང་འཚོ་བའི་རི་སུལ་དེ་རུ་གོ་རྟོགས་མེ་དཔུང་ཤུགས་ཀྱིས་གཡོས།།

དེ་ནི་བདག་གིས་ཁྱོད་ལ་བཅངས་པའི་རྒྱལ་ཁའི་དཔའ་དར་དང་པོ་ཡིན།།

 

གོམ་པའི་རྐང་རྗེ་ལྕི་མོ་དག་ལ་གསེར་དང་རྔུལ་ཆུའི་ཐིགས་པ་འཁྱིལ།།

སེམས་ཡན་རླུང་གི་ངམ་ཁ་རྒོད་ཀྱང་བཞུད་པའི་ལམ་བུ་སྔར་ལྟར་གསལ།།

མགོ་ནག་མི་བུ་སྟོང་གི་སེམས་ཀྱི་གདངས་དབྱངས་གཅིག་པའི་གླུ་གཞས་འདི།།

ད་ནི་དུས་རབས་མ་ཡུམ་མཆོག་གི་སེམས་ལ་གླན་པའི་བརྩེ་བ་ཡིན།།

2011ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བའི་སྟེང་དུ་བཀོད་ཟིན།


 དྲན་པའི་སྙིང་ལ་གས་ཁ་དགུ་བརྩེགས་ཤོར།


ཨ་མ་འདས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་དུ།

དྲིན་ཆེན་ཨ་མ་གཏན་གྱི་སྐྱབས་གནས་མཆོག།

གློ་བུར་གདོན་གྱིས་གྱེས་བྲལ་འཚུབ་མ་འཁོར།།

སྙིང་ལ་ཟུག་པའི་གཏམ་ངན་དུག་ཚེར་གྱིས།།

བདག་གི་ཡིད་ལ་ཁྲོ་ཆུ་ཁོལ་མ་འཁྱིལ།།

 

ལོ་གཅིག་དུས་ཀྱི་འཁོར་ཡུན་ཆུ་ཁའི་རླབས།།

སེམས་པ་དམར་པོའི་ཀློང་ལ་དར་དུ་ཆགས།།

སྨྲ་བསམ་བརྗོད་འདས་སྡུག་གི་འཕྲུལ་འཁོར་གྱིས།།

བདག་གི་སྙིང་ལ་གས་ཁ་དགུ་བརྩེགས་ཤོར།།

 

ཨ་མ་སེར་ཆེན་ཉི་མའི་དྲོད་ཁོལ་རླབས།།

རེ་བའི་ཞིང་སར་མ་འཕྲོས་ལོ་གཅིག་འགོར།།

ཉིན་མཚན་རྟག་སྦྲེལ་དྲན་པའི་སྐྱོ་བའི་ཆུ།།

ཡིད་ཀྱི་ཡོལ་གོར་གདུས་གདུས་ཉིད་ཀྱིས་ཟད།།

 

འཇིག་རྟེན་འགྲོ་བའི་ཆོས་ཉིད་ཟབ་མོ་ལ།།

སུས་ཀྱང་བཟློག་པའི་གོ་སྐབས་དབེན་ན་ཡང་།།

གློ་བུར་གྱེས་པའི་རྒྱུ་མའི་ཆོ་འཕྲུལ་ལ།།

བདག་བློ་གཉོམ་པོས་ཀུ་ཡངས་ཇི་ལྟར་གཏོང་།།

 

མི་ཚེ་མི་རྟག་འབྲུག་མའི་དཀར་ཡོལ་དང་།།

ལང་ཚོ་མི་སྡོད་རི་གཟར་རྦབ་ཆུའི་འགྲོས།།

སྙིང་ལ་ཟུག་པའི་མྱ་ངན་དུ་ཁའི་རླབས།།

བཟོད་བསྲན་དཀའ་ཨང་འཇམ་མགོན་བླ་མ་ཀྱེ།།

 

ཨ་མའི་བསླབ་བྱ་བདུད་རྩི་སྨན་གྱི་མཆོག།

བདག་གི་འབྱུང་བཞི་གསོ་བའི་གཉེན་པོར་བྱོན།།

ཨ་མའི་ལང་ཚོ་སྒྲོན་མེ་འོད་དཀར་ཅན།།

གཟིམ་མེད་རྟག་བརྟན་ཡིན་ན་ཅིས་མི་ཆོག།

 

བསམ་གྱིན་ཨ་མ་དྲན་པའི་མིག་ཆུའི་རྒྱུན།།

གཟུགས་མེད་འགྲོས་ཀྱིས་དྲན་པའི་གཏིང་སར་ཟགས།།

བདག་གི་དོན་ལྔ་སྣོད་ཀྱི་ལྷུ་ལག་ལ།།

རྨ་ཁ་མེད་པའི་ན་ཟུག་དགུ་བརྩེགས་རྒྱུག།

 

མདང་གསུམ་རྨི་ལམ་ཞིང་ནས་ཨ་མ་ལ།།

འཕྲད་པའི་གོ་སྐབས་ལས་དབང་གནམ་གྱིས་བསྩལ།།

ད་ནངས་དོན་གྱིས་སྟོང་བའི་ཞོགས་པ་དེས།།

སླར་ཡང་དྲན་པའི་ཁུར་པོ་དགུ་བརྩེགས་བཀལ།།

 

མྱ་ངན་དབུ་ཞྭ་གསོལ་བའི་མིང་སྲིང་དགུས།།

བརྩེ་བ་བརྩེ་བར་གླན་ནས་ཨམ་ཙིག་བསྡམས།།

རྒྱང་བཞུད་ཨ་མ་གཏན་གྱི་སྐྱབས་གནས་ཡིས།།

དམར་ཆུང་སེམས་ལ་རེག་ཚོད་ཨེ་ཡོད་དམ།།

 

དྲན་གདུང་སྐྱོ་འཕྲིན་སྤྱི་བསེར་རླུང་འགྲོས་ལ།།

ལན་འགར་བསྐུར་ཀྱང་ཨ་ལན་མི་འདུག་ཀྱང་།།

བདག་སེམས་མགོན་མེད་དྭ་ཕྲུག་དམར་རྗེན་ལ།།

བསམ་གྱིན་ཨ་མ་ག་ལེར་ཕེབས་རོགས་མཛོད།།

2011ལོའི་གངས་རྒྱན་མེ་ཏོག་དེབ་དང་པོའི་སྟེང་དུ་བཀོད་ཟིན།


འགྱོད་པའི་སེམས་གཞས།

 

བདེན་པའི་གཏམ་ལ་དོན་གྱི་ཡུ་བ་ཞིག་སྤྲས་ཏེ། །

འཚོ་བའི་ཆུ་མོ་སྣོད་ལ་ལན་གསུམ་དུ་བཅུས་ཚེ། །

འདུ་སྣང་ཆ་འཇོག་དཀོན་པའི་འཇིག་རྟེན་གྱི་བྱ་བར། །

ད་ནི་ངེས་ཡིད་ཀྱི་ཐུར་མ་ཡིས་དཀྲུགས་འདོད། །

 

ལས་ལ་རྒྱུ་འབྲས་མོད་པ་ཚད་མ་ཡིས་གྲུབ་ཅིང་། །

དོན་ལ་འབྲས་བུ་དབེན་པའི་སྡུས་ཡུས་ཀྱི་གཏམ་བརྗོད། །

རྒན་གཞོན་བར་མའི་ངག་ནས་ཆུ་ཁོལ་བཞིན་གདུས་པས། །

གང་དྲན་སྣང་བའི་ས་གཞི་ཐོལ་ཐོལ་གྱིས་བངས་འགྲོ། །

 

ཁ་སང་སྤང་ལས་འཁྲུངས་པའི་དྭངས་གཙང་གི་མེ་ཏོག།

དེ་རིང་གཡོ་ཟོལ་འདམ་གྱིས་ཆལ་ཆིལ་དུ་སྦགས་པས། །

རང་སེམས་གཙང་བའི་ཤོག་དཀར་ཐར་ཅིག་གི་ངོས་སུ། །

སྨྱུག་རྩེ་དྭངས་མ་གཏོད་སའི་ས་ཁད་ཅིག་མི་འདུག།

 

ཨ་ཕ་ཨ་མའི་གཅེས་ལོ་མར་གསར་གྱི་གོང་བུ། །

སྤྱི་ཚོགས་སོལ་བའི་ངོས་སུ་ལན་བརྒྱ་རུ་བརྡར་བས། །

ཐན་ལྟས་སྲིན་བྱ་འུག་པའི་རྣམ་ཐར་གྱི་བྱུང་བ། །

སྐད་ཅིག་དུས་ལ་འཛད་མེད་གླེགས་བམ་དུ་གྲུབ་འདུག

 

མདོ་མེད་འཕྱོན་མས་དུས་ལ་འཛུམ་ཟེར་ཞིག་སྤྲས་ཀྱང་། །

མཛངས་མའི་ཆོས་བརྒྱད་མཚན་མོའི་སྙིང་ཁམས་ལ་སིམ་འགྲོ། །

སྟག་ཤར་སྐད་ཅིག་མྱོས་པའི་དགའ་སྣང་གི་དུངས་པས། །

ཉེར་གཅིག་བག་མའི་ཞེ་འདོད་བློ་ཡིད་ལ་ཡི་ཡོང་། །

 

མཁས་ཆེན་དམ་པའི་ཞལ་གསུང་གདམ་ངག་གི་བདུད་རྩི། །

དེང་རབས་གཞོན་ནུའི་ངག་གི་ཚིགས་མལ་ནས་རལ་བས། །

མདུན་བསྐྱོད་གོམ་པའི་འདེགས་འཇོག་སྙན་འཇེབས་ཀྱི་གླུ་དབྱངས། །

ཨ་མ་བགྲེས་མོའི་དཔྲལ་བའི་གཉེར་རིས་ལ་འཁྱིལ་འདུག

 

རྣམ་རྟོག་ཕོ་རོག་ནག་པོའི་སྟོང་སྐད་ཀྱི་སྲད་བུར། །

ཕྲེང་དུ་བསྟར་བའི་སྲིད་འདིའི་ངོ་མཚར་གྱི་ལྟད་མོ། །

འོད་དུ་འཚེར་བའི་དྲང་བདེན་གཟུར་གནས་ཀྱི་འདྲེན་བྱེད། །

ཅིག་ཅར་ཅེར་ཡང་ངལ་བའི་འབྲས་བུ་ལས་མི་འདུག

 

འཇིག་རྟེན་ཆོས་བརྒྱད་ངག་གི་མགུར་དབྱངས་ལ་བཀུག་ཀྱང་། །

སེམས་ཁྲལ་བསེ་རུའི་རྭ་གཅིག་སྙིང་ཁ་ནས་སྐྱེས་ཡོང་། །

མི་ཚེ་རྟོགས་བརྗོད་རིང་མོའི་རྨ་ཀླུང་གི་འགྲོས་ལ། །

རེ་བའི་རླབས་སྒྲ་སྒྲོག་པའི་སྐལ་བཟང་ཞིག་འདུག་གམ། །

 

ལས་དབང་གནམ་ལ་བཅོལ་བའི་གདུང་རྒྱུད་ཀྱི་དམུ་ཐག།

གོ་རྟོགས་རྣོ་དབལ་རལ་གྲིས་གཏུབ་བློ་ཞིག་མི་འདུག།

མོ་རྩིས་ལུང་གིས་མི་ཚེ་བརྡར་གཅོད་ལ་རེམ་པའི། །

གདོང་དམར་བོད་ལ་འོད་ཀྱི་འབྱུང་འགྱུར་ཞིག་འཁྲུངས་སམ། །

 

སེམས་པ་ཨ་ཐང་ཆད་པའི་ཁལ་གཡག་གི་གོམ་འགྲོས། །

ལྡ་མ་ལྡེམ་གྱིས་འཚོ་བའི་རི་སུལ་ལ་མྱུལ་ཏེ། །

སྐྱོ་ངལ་ཐལ་སྐྱ་ཉིལ་ལེར་ས་གཞི་རུ་ཕོག་ནས། །

ཞེ་བློ་གཏིང་ནས་འགྱོད་པའི་སེམས་གཞས་འདི་ཤོར་ཐལ། །

 ༢༠༡༠ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པའི་སྟེང་དུ།


མཐོ་སྒང་ལ་ལྡང་བའི་བསིལ་རླུང་།

 

དུས་གསར་རླུང་གི་དབྱར་རྔ་སྙན་མོས་བོད་ཡུལ་རྨ་བྱའི་སྒྲོ་གུར་ཕུབ། །

ཚན་རྩལ་རླབས་ཀྱི་བསིལ་རླུང་འཇམ་པོས་མཐོ་སྒང་ཨ་མའི་རྨི་ལམ་དཀྲོགས། །

ལ་རྒྱའི་རྟ་ཕོའི་དྲུག་ཞེང་བསྐྱེད་དེ་ན་མཉམ་བོད་ཀྱི་སྤུན་ཟླ་ཚོས། །

རང་རང་འདུན་མ་སྙིང་ལ་བཅིངས་ནས་ཅན་བཞིའི་ལམ་ལ་བསྐྱོད་མགོ་ཚུགས། །

 

རྫ་རི་སྨུག་པོས་དབུ་འཕང་བསྟད་ནས་ཞི་བདེ་ལམ་ལ་གདོང་འཛུམ་ཤོར། །

དྭངས་གཙང་ལྷག་བསམ་ཆུ་བོ་དཀར་པོས་འཕྲིན་གསར་མེ་ཏོག་དལ་གྱིས་འཐུ། །

འབྲོག་རི་མཐོན་པོའི་གཞུང་ལམ་གསར་བར་རླངས་འཁོར་སྣ་བརྒྱའི་ལྡིར་སྒྲ་ཁྱབ། །

ཁོད་ཡངས་མཐའ་བྲལ་འབྲོག་ཐང་ཆེན་པོར་ཚན་རིག་དཔལ་གྱི་འོད་ཟེར་འཚེར། །

 

ཨ་ཁུ་རྒན་པོ་སྤྲོ་སེམས་ཆེན་པོས་བརྙན་འཕྲིན་ཁྲོད་ཀྱི་འཕྲིན་ལ་ཆགས། །

མ་ཎི་འདོན་པའི་རྒས་འཁོགས་རྒན་མོས་མཚོན་བྱེད་གསུམ་ལ་བསྟོད་གླུ་གྱེར། །

ཕྱུག་རྗེས་འབྲངས་པའི་ལོ་ཆུང་གཞོན་ནུས་སྦག་སྦག་འཁོར་ལོའི་སྤུས་ཚད་གླེང་། །

གནས་ཡུལ་འགྲིམས་པའི་སྨན་ཤར་བུ་མོ་གསེར་དངུལ་རྒྱན་ཆ་འདོགས་ལ་བྲེལ། །

 

བརྗིད་ཉམས་མཛེས་པའི་སློབ་རའི་ཚལ་ན་ཀ་ཁ་ཀློག་པའི་གཞས་དབྱངས་འཕུར། །

ཚོང་ལས་གཙོ་གཉེར་སྲིད་ཇུས་བསྒྲགས་པས་དཔལ་འབྱོར་མཚོ་མོའི་རླབས་བཞིན་འཕྱུར། །

ཚན་རིག་འོད་ཀྱི་ཉི་ཟེར་འཕྲོས་པས་མཁྲེགས་འཛིན་ལྟ་བ་རིམ་གྱིས་ཞི། །

རང་བྱུང་གཡུ་ལོའི་ནགས་ཀྱི་ལྗོངས་སུ་འདབ་ཆགས་མང་པོས་གཤོག་གར་རྩེན། །

 

ཚན་རྩལ་ལས་ཀྱི་འཁྱུག་འགྲོས་མྱུར་ཞིང་མངའ་ཐང་གངས་རིའི་དཔལ་བཞིན་སྨིན། །

གདོང་བམར་བོད་ཀྱི་ཕུ་ནུའི་བར་ལ་རྩྭ་ཆུ་རྩོད་པའི་ནང་འཁྲུག་འཇགས། །

བོད་པ་ཡོངས་ཀྱི་ལས་དབང་སྤྱི་ལ་བདེ་སྐྱིད་ཉི་མ་ཤར་ཟིན་པས། །

རང་དབང་ཆེ་བའི་གླུ་ཞིག་ལོངས་དང་གངས་རིའི་སྙན་པ་སྲིད་རྩེར་སྒྲོགས། །

 

སྟོང་ལོ་གསར་བའི་ཉི་གཞོན་མཛའ་མོས་གངས་རིའི་ལྗོངས་སུ་སྐྱ་རེངས་བསུས། །

ཉེར་གཅིག་དུས་ཀྱི་ཅོང་བརྡ་སྙན་མོ་དུས་གསར་བག་མའི་ལྷུམས་སུ་ཞུགས། །

སྤོབས་པ་གསར་བའི་གཡས་འཁྱིལ་དུང་གིས་སྨག་རིམ་མཚན་མོའི་དབེན་འཇགས་དཀྲོགས། །

མདོར་ན་ང་ཚོ་བོད་ཡུལ་ཆོལ་གསུམ་ཚན་རིག་དཔལ་གྱི་གླིང་དུ་བསྐྲུན། །

 

བོད་མི་རྒན་དར་གཞོན་གསུམ་ཚོགས་ནི་གོ་རྟོགས་གསར་བའི་རྟར་བཅིབས་ཏེ། །

དུས་རབས་གསར་བའི་ལམ་དུ་བསྐྱོད་པའི་སྟ་གོན་སྙིང་ནས་བགྱིད་ལགས་པས། །

སློབ་གྲྭར་འགྲིམས་པའི་རིག་རྟུལ་ངས་ཀྱང་རང་ལ་ཞེན་པ་དཀར་པོའི་མདངས། །

བསྟོད་པའི་ངག་གི་རྟ་ལ་བསྐྱོན་ཏེ་རང་སེམས་གངས་རིའི་རྩེ་ནས་བླངས། །

༢༠༠༢ལོའི་ཟླ༣པའི་གངས་རྒྱན་ན་ཆུང་ཚགས་པར་དང་པོའི་སྟེང་དུ་བཀོད།


འཁོར་བའི་བསླུ་བྲིད།

 

མཛའ་སེམས་གསེར་གྱི་འཛུམ་ཆུང་ཕན་ཚུན་ལ་དམུལ་པའི། །

ཚིག་དང་ཚིག་ལ་སྤྲས་པའི་སོར་གདུབ་ཀྱི་རི་མོ། །

ཚར་དཀར་ཕུར་ཆུང་བརྒྱུད་དེ་སྙིང་དབུས་སུ་བསྲེས་པས། །

བརྩེ་བའི་ལག་ཟུང་འཁྲི་ཤིང་ཕན་ཚུན་ལ་འཁྱུད་སོང་།།

 

སྙིང་དང་སྙིང་གི་འཕར་སྒྲའི་འདེགས་འཇོག་གི་དྲན་སྐུལ། །

སྙན་དབང་པདྨའི་ཚལ་ལ་གཡུ་སྦྲང་ལྟར་འཁོར་བས། །

ཡིད་ཆེས་ཟེའུ་འབྲུའི་རྒྱགས་ཕྱེ་མཚོ་རླབས་སུ་སྐྱོམས་ཏེ ། །

འཚོ་བའི་ཉ་མོ་གཅིག་བགྲོད་གར་སྟབས་ལ་ཞུགས་སོང་། །

 

སྲིད་པའི་སྨྲ་ལྕེ་རལ་གྲི་ཡང་ཡང་དུ་བརྡར་བའི། །

གཉེན་དོན་རྟོགས་བརྗོད་ཅིག་གི་དབུ་འཁྱུད་ཀྱི་རི་མོ། །

ཚེས་བཟང་སྐར་མའི་ཡོ་ལང་གསེར་སྐྱེམས་ཀྱི་མཆོད་དེ། །

གནས་མལ་གཡང་གི་པགས་པ་བློ་སྤོབས་ཀྱིས་བརྐྱངས་སོང་། །

 

ཆུང་མའི་ཐབས་ཇུས་དཔག་བསམ་ལྗོན་བཟང་གི་རྩེ་ལས། །

ཉེར་མཁོའི་ནོར་གྱི་དངོས་གྲུབ་བར་མེད་དུ་འཇོ་བས། །

ཁྱོ་གས་འབད་མེད་བསམ་དོན་ལྷུན་འགྲུབ་ཀྱི་རི་མོ། །

ཕྱི་ནང་གསང་གསུམ་བར་ལ་རླུང་རྟ་ལྟར་བབས་སོང་། །

 

འཁོར་བ་སྡུག་གི་བྲུས་པའི་ཐབ་ཚང་གི་ཁྱོན་ལ། །

བདེ་བ་མིག་གིས་ཟིན་པའི་ཁབ་རྩེ་ཙམ་མེད་ཀྱང་། །

མཐུན་འཇུག་སྐད་ཅིག་མྱོས་པའི་མེ་དཔུང་གི་གཞི་རུ། །

སྨྲ་བསམ་བརྗོད་ལས་འདས་པའི་འདྲི་གཞི་ཞིག་འཁྱུད་འདུག།

 

འབད་འཐབ་ལས་ཀྱི་རྒྱུ་སྤུན་ཉིན་མཚན་དུ་འཐབ་པས། །

མི་ཚེ་བགྲོད་ལམ་ལྷོ་བཞུད་ཆུ་འཛིན་གྱིས་ཁྱེར་སོང་། །

ལང་ཚོའི་ལྗོན་པ་སྟོན་གྱི་ངལ་འབྲས་ཀྱིས་དུད་དུས། །

དུས་ཀྱི་གཉེར་རིས་དཔྲལ་བའི་སྤང་གཞོང་ལ་བབས་སོང་། །

 

རྒ་བའི་ཁུར་གྱིས་དུད་པའི་སེམས་ཁྲལ་གྱི་སྙེ་རླབས། །

བཞིན་རས་ཆུ་སྐྱེས་པདྨའི་དཀྱིལ་འཁོར་ལ་གཡོ་བའི། །

ཁ་ཕྱོགས་ངེས་མེད་ལྡང་བའི་བསམ་གཞིག་གི་སོག་མ། །

དྲན་དང་ཤེས་བཞིན་མིན་པའི་ངག་སྒོ་རུ་འཚང་ཡོང་། །

 

ཕྱི་དྲན་རྒོད་པོ་དར་མའི་བྲག་རྩེ་ལ་བབས་པས། །

འདས་སོང་ཕྲེང་བ་ལོ་ཟླའི་སྲད་བུ་ལ་བརྒྱུས་ཚེ། །

མི་ཚེ་མི་རྟག་རླུང་ཁའི་མར་མེ་ཡི་རིན་དོད། །

ཕྱི་མིག་འཁྲེང་བའི་མཁའ་མཐའི་ཉི་ཟེར་ལས་མི་འདུག།

 

ཆུང་མ་གནམ་གྱི་རྒྱལ་མོའི་བཀའ་ལུང་གི་ཞགས་པས། །

སྐུ་ལུས་རིན་ཆེན་ནོར་གྱི་འགྲོ་འདུག་དེ་བཀྱིགས་པས། །

སྦྲ་ནག་སེམས་ཀྱི་ནམ་མཁའ་རྐང་ཐང་གིས་གཞལ་ཏེ། །

ཕ་ས་ལག་མཐིལ་གོར་མོའི་བྲང་གཞོང་ལས་མ་ཡོལ། །

 

འཁོར་བ་འདམ་གྱི་གཞི་ལ་རྐང་སྟེགས་ཤིག་འཆོས་ཏེ། །

མཐོང་ཐོས་ཁུག་མའི་མཆི་ཏོ་སེར་སྣ་ཡིས་བསྡམས་པས། །

འཇིག་རྟེན་ལོངས་སྤྱོད་སྒྱུ་མའི་ཆོ་འཕྲུལ་གྱི་ཟློས་གར། །

ལན་གཅིག་གཟིགས་པའི་སྐལ་བ་མ་ཁོག་ནས་རལ་སོང་། །

 

ཆུང་མ་ཐབས་ཤེས་འཕྲུལ་གྱིས་ཉིན་མཚན་དུ་འཁོར་ཏེ། །

ངལ་དུབ་རླུང་བུའི་སྤུ་གྲིས་སྙིང་ཁ་རུ་སྣུན་ཞིང་། །

བུས་ཕྲུག་སྤྱང་གྲུང་གླག་མོ་དྲན་ངོགས་སུ་ལྡང་བས། །

ཞེ་བློ་སྤྲིན་པའི་འདུ་འགོད་རླབས་གཉེར་དུ་བརྩེགས་སོང་། །

 

འཁོར་བའི་འཛུམ་རིས་ཝ་མོའི་བསླུ་བྲིད་ཀྱི་ལྕགས་ཀྱུས། །

སྐྱེ་བོའི་དྲན་ཤེས་གླག་མོའི་གཤོག་ཡས་དེ་ཟིན་པས། །

རང་དབང་ལྡིང་བསྐོར་རྩེན་པའི་སྔོ་བསང་གི་གཞི་ལ། །

འཕུར་འདོད་བློ་ཡི་མེ་ལྕེ་དུས་རླུང་གིས་བསད་སོང་། །

 

ཙག་ཙིག་བྱ་བའི་སོག་མར་བསྡུ་གསོག་ཅིག་བརྒྱབ་སྟེ། །

འགྲོ་འདོད་སེམས་ཀྱི་རྟ་ཕོར་སྒ་སྲབ་ཅིག་སྤྲས་ཀྱང་། །

ཞེན་ཆགས་སུམ་སྒྲོག་ལྕགས་ཀྱིས་སུག་གཉིས་ལ་བཅིངས་པས། །

ཨ་ཧོ་འཁོར་བའི་སླ་ང་ཁྲོ་ཆུ་ཡིས་སྦགས་འདུག།

 

ཨེ་མ་མཐོན་པོ་རི་ཡི་ཡང་སྟེང་ལ་འཛེགས་ཏེ། །

སྤྱན་གྱི་མདའ་མོ་འཚོ་བའི་མྱུལ་མ་རུ་མངགས་ཚེ། །

རང་དོན་རིལ་བུ་ངེས་མེད་དྲག་རླུང་གིས་འདྲིལ་བས། །

འབྱུང་བཞིའི་མེ་ལོང་ཕྱི་ཧྲལ་ནང་སྟོང་དུ་གྱུར་འདུག།

 

དྲན་པའི་གཞི་ལ་འཁྲུངས་པའི་སེམས་ཁྲལ་གྱི་མེ་ཏོག།

ངག་ཚིག་སོར་མོས་བཏེགས་ཏེ་བཤམས་སྟོན་ཞིག་བྱས་པ། །

བདེན་པའི་ཟེའུ་འབྲུའི་བཅུད་ལ་མོས་འདུན་གྱིས་སྐུལ་ཚེ། །

དྲན་ཤེས་ལས་ཀྱི་སྒེག་མོ་བག་མ་རུ་ཕེབས་ཤོག

གངས་རྒྱན་མེ་ཏོག་སྟེང་བཀོད་ཟིན།


དགེ་རྒན་གྱི་ལྷག་བསམ།

 

བཤེས་མཆོག་ང་ནི་རྒྱལ་བོ་རིན་པོ་ཆེ། །

ནང་ཆེན་སྒྲ་རིག་དབང་ཐང་ང་ལ་རྒྱས།

བཟོ་གསོ་རིག་པའི་གཏེར་མཛོད་ཀུན་ལས་ལྷག།

བཤེས་སུ་ང་རང་བསྟེན་དང་ཡར་ཐོན་ཡོད།

 

བཤེས་མཆོག་ང་ནི་བཙུན་མོ་རིན་པོ་ཆེ། །

རིག་གནས་བཅུ་བོའི་ནུ་ཟུང་དཔལ་དུ་སྒེག།

རྣམ་དག་ཐུགས་ཀྱི་འཛུམ་ཞལ་མཛེས་ཤིང་སྡུག།

ང་རང་མཛའ་མོར་བསྡོངས་དང་གཙུག་གི་རྒྱན། །

 

བཤེས་མཆོག་ང་ནི་བློན་པོ་རིན་པོ་ཆེ། །

ལྔ་ཟུང་རིག་པའི་གནས་ཀུན་འཁྲུལ་མེད་མཁྱེན། །

འཆད་རྩོད་རྩོམ་གྱི་བློ་གྲོས་ལེགས་པར་མངའ། །

བློ་བཀོད་ང་ལ་ཕྲིས་དང་རྨང་གཞི་བརྟན། །

 

བཤེས་མཆོག་ང་ནི་རྟ་མཆོག་རིན་པོ་ཆེ། །

ཤེས་རབ་རྣོ་བའི་རླུང་གི་རྨིག་བཞི་མཆིས། །

རིས་མེད་ཐུགས་ཀྱི་གོམ་འགྲོས་མྱུར་ཞིང་མགྱོགས། །

ང་རང་ཞོན་རྟར་འཛིན་པ་འཁྲུལ་མེད་མཆོག།

 

བཤེས་གཉེན་ང་ནི་འཁོར་ལོ་རིན་པོ་ཆེ། །

ཚན་ཚན་རིག་པའི་རྩིབས་སྟོང་མཛེས་དཔལ་རྒྱས། །

བྱམས་སྐྱོང་སྙིང་རྗེ་དབུགས་ཀྱི་རྒྱུ་བ་མྱུར། །

འཁོར་ལོ་ང་རང་བསྐོར་དང་ཤེས་རིག་ཡིན། །

 

བཤེས་མཆོག་ང་ནི་གླང་བོ་རིན་པོ་ཆེ། །

ཤེས་རིག་དྲི་བསུང་སྣ་ཞགས་གཡས་སུ་འཁྱིལ། །

ཡོན་ཏན་མཆེ་བ་གནམ་ལྕགས་ཐོག་ལྟར་རྣོ། །

ང་རང་སྒོ་ཕྱུག་གྱིས་དང་ཕྱུག་པོར་འགྱུར། །

 

བཤེས་མཆོག་ང་ནི་ནོར་བུ་རིན་པོ་ཆེ། །

ཉམ་ཐག་སློབ་བུར་ཤེས་རིག་ཆར་དུ་བསྙིལ། །

དྲི་མེད་ཐུགས་ཀྱིས་ཅི་འདོད་དངོས་གྲུབ་སྩོལ། །

ནོར་བུ་ང་རང་བསྟེན་དང་འདོད་རྒུ་འབྱུང་། །

༡༩༩༨ .༢ .༡ གངས་རྒྱན་ན་ཆུང་ཚགས་པར་སྟེང་དུ་བཀོད་ཡོད།


ཚོར་བ་རླུང་ཡན་མ།

 

ཞོགས་པའི་ཅོང་ཆེན་སྙིང་ལ་ཡང་ཡང་རྡུང་། །

བྲེད་ཤའི་རྟ་ཕོ་གློ་བུར་ཐུར་ལས་ཤོར། །

འདུ་སྣང་ལས་ཀྱིས་བསྡུས་པའི་གློག་གི་གར། །

སྐད་ཅིག་དུས་ལ་སྣང་བའི་འཇའ་རུ་འཁྲུལ། །

 

ཉི་མའི་འོད་ཐིག་ས་རུ་ཟགས་པ་ཡིས། །

སེམས་ཀྱི་བ་སྤུ་གཟེངས་པའི་དབུ་འཁྱུད་བརྩམས། །

ཟླ་བའི་གཡབ་མོ་མིག་ལ་ཕོག་པ་འདིས། །

བདེ་སྣང་ཨུཏྤུལ་དཀར་པོའི་འཛུམ་ཞལ་གྲོལ།།

 

གཙང་བོ་ཐུར་དུ་རྒྱུགས་པའི་བང་འགྲོས་དེས། །

མི་རྣམས་ཡར་ལ་འགྲོ་བའི་དྲན་སྐུལ་བྱས། །

ཟླ་བ་ཤག་སྒྲས་འཇོ་བའི་མཚན་མོའི་རུས། །

སྙིང་གི་སྦུབས་སུ་སྲ་མཁྲེགས་ཀ་རུ་བསྒྲེངས། །

 

མཁའ་མཐའི་གླག་རྒོད་ཅིག་གི་འགྲུལ་བཞུད་ཀྱིས། །

ཡུལ་གྱི་བུ་ཆུང་སྟོང་ལ་བསམ་གཞིག་སྦྱིན། །

སེམས་ཀྱི་ཕ་མཐའ་མི་རྙེད་འཚོལ་སྙེག་ཅིག།

ཁྱེད་དང་ང་ཡི་ཡིད་ན་རྟག་ཏུ་འཕྱུར། །

 

དཔྱིད་ཀྱི་ཁུ་ལོ་གྲགས་པའི་ཅོང་ཆེན་དེས། །

དམར་པོ་སྙིང་ལ་སྡུག་ཡུས་ཁྱུ་གཅིག་དེད། །

དོན་སྣོད་རླུང་གིས་བསེད་པའི་བར་གསེང་ནས། །

ཚོགས་སྤྱིའི་ལུས་པོ་གདོན་གྱི་མཆེ་བར་ལྷུང་། །

 

འདུས་བྱས་ཆོས་ཀྱི་ངོ་བོ་ཆར་བས་བྲན། །

རྟག་བརྟན་ནམ་མཁའི་སྤྲིན་པ་རླུང་གིས་བདས། །

བརྟན་བརླིང་རི་ཡི་ནང་སྙིང་འཕྲུལ་གྱིས་བྲུས། །

ཚོར་བའི་རླུང་ངུ་ཡིད་ནས་རྒྱང་ལ་བྱེར། །

 

མཁའ་ལ་བཏབ་པའི་ཡིད་ཀྱི་མཆོད་པ་འདི། །

རླུང་ལ་ཡན་པའི་སེམས་ཀྱི་རྒྱགས་བྲོ་ཡིན། །

ཉི་ཟླ་སྐར་གསུམ་འཛོམས་པའི་ནམ་མཁའ་འདིས། །

རྟག་བརྟན་ཚོར་བའི་ཡིད་ཀྱི་ཞིང་ཁམས་བརྟས། །

 

དོན་སྣོད་གསེར་གྱི་གོང་བུ་རེ་རེ་ལ། །

དུས་ཀྱི་གཡའ་ཡིས་ཚོད་མེད་བརྙས་ཞགས་ཐེབས། །

རིག་པའི་འོ་མ་སྐོལ་བའི་སྣུམ་བག་གིས། །

འདུན་པའི་ཀོ་བ་སྦངས་པའི་རེ་བཞག་ཆེ། །

 

ལུས་པོ་ཆུ་ལ་བཀྲུས་པའི་བུམ་པ་ཡིན། །

ཀུན་སློང་བདུད་རྩིས་བརླན་པའི་ཕོར་བ་ཡིན། །

རིག་ལམ་རླུང་ལ་ཡན་པའི་རྒོད་པོ་ཡིན། །

ཕུགས་འདུན་ཆུ་ལ་འཕངས་པའི་ཟམ་པ་ཡིན། །

 

ཤེས་དང་ཤེས་བཞིན་མིན་པའི་ཚོར་བ་འདི། །

ལས་དང་རླུང་རྟ་མིན་པའི་འཕྱོ་སྟངས་ཤིག།

ཤ་གཟུགས་ཕུང་བོས་གྲུབ་པའི་ཉོན་མོངས་ལུས། །

ཉེས་པ་དགུ་ལྡན་ཡིད་ཀྱི་སྤང་ལ་འཁྲུངས། །

ཟླ་ཟེར་དུས་དེབ་སྟེང་བཀོད་ཡོད།


དྲིན་ཕ་མ་ཉི་ཟླ་རྙེད་མེད་ཡིན།

 

འཇིག་རྟེན་ལས་ཀྱིས་གྲུབ་པ་བདེན་དུ་ཆུགས།།

ལས་ལ་འགྱུར་བ་མང་བ་ཚད་མར་གྲུབ།།

སྣ་ཚོགས་གར་གྱིས་བསྒྱུར་བའི་དེ་རིང་ལ།།

བདག་བློ་གཉོམ་ཆུང་བུ་ལ་དྲན་གདུང་ལྕི།།


         ཡབ་ཆེན་གནམ་ཡིན་གནམ་གྱི་ཀ་ཆེན་ཡིན།།

ཡུམ་ཆེན་ས་ཡིན་ས་ཡི་གཙང་ཆེན་ཡིན།།

གནམ་སའི་རྒྱུ་བ་རེས་སུ་འཁོར་བ་ལས།།

བདག་གི་དོན་སྣོད་འོད་ཀྱི་བུམ་པར་ལྟེམས།།


          ལང་ཚོའི་ལྟེ་ཁྲག་མཚལ་གྱི་ཐིག་ལེ་ལ།།

གཤིས་ཀྱི་རི་མོ་གཡུང་དྲུང་གཟུགས་སུ་གྲུབ།།

འགྲོ་འདུག་ཉལ་འགྲོའི་གོམ་པའི་འདེགས་འཇོག་ལ།།

ལས་ཀྱི་གསེར་ཉ་འཁྱུག་པའི་བསྐལ་བཟང་རག།


          གཙང་ཆུས་ཡང་ཡང་བཀྲུས་པའི་ལུས་ངག་ལ།།

དཔྱོད་གཙང་རྣམ་ཤེས་རྒྱུ་བའི་རྟེན་འབྲེལ་གྱིས།།

ཡབ་ཡུམ་བུ་ཚའི་ནོར་ལ་ཕྱྭ་གཡང་གི།

གདུགས་དཀར་གྲིབ་བསིལ་ཅན་ཞིག་ཞོར་ལ་གྲུབ།།


         དགའ་འཛོམས་ཉི་མའི་ཟེར་བརྒྱ་ལང་ཚོ་ཅན།།

སྦྲ་ནག་ལྷོ་ལ་བརྐྱངས་པའི་གོང་ཁར་འཕྲོས།།

དགོད་སྒྲའི་གཡང་དཀར་ལུག་ཁྱུ་བལ་ཁ་ཅན།།

སྣང་བའི་འབའ་སྒྲ་ཤ་ལེར་ལྷས་སུ་བསྐྱིལ།།

 

སྤོབས་པའི་ལམ་ལ་ཆས་པའི་ཞོགས་ཁ་ནས།།

མི་འདོད་གཟའ་རྒོད་ཁྲོ་བོའི་མིག་ལྕིབས་ལྷགས།།

ཡབ་ཡུམ་ཉི་ཟླའི་འོད་ཀྱི་གཤོག་པ་ཟུང་།།

རེ་རེར་དུས་ཀྱི་གཟའ་ཡིས་ཁྱུར་མིད་བརྩམས།།

 

མིང་སྲིང་གསེར་གྱི་རི་བདུན་སྨུག་པས་གཡོགས།།

བློ་གཏོད་གང་ལ་འཆའ་བའི་གནས་གཞི་བྲལ།།

སེམས་ལ་སྒྲིབ་གཡོགས་བརྒྱབ་པའི་ངེད་ཅག་ཀྱང་།།

མིག་ཆུའི་གཏམ་རྒྱུད་ཀློག་གིན་ལམ་ལ་ཆས།།


          འོད་ཀྱི་ཟེར་མ་ཕྲ་མོའི་ཁུགས་སོ་དེ།།

གང་ནས་བཙལ་ཀྱང་ཕྲན་ཙམ་རྙེད་ན་ཡང་།།

དྲིན་ཆེན་ཕ་མ་ཉི་ཟླ་རྙེད་མེད་ཡིན།།

འཛམ་བུ་གླིང་ལ་བསྐོར་ཀྱང་ག་ནས་ཡོང་།།


         ཕྱིར་དྲན་མཚོ་མོའི་ཀློང་ལ་ཡན་པའི་མཐར།།

རང་ཡིད་དྲན་པའི་ཉ་མོ་ལྕགས་ཀྱུས་ཟིན།།

འདས་སོང་ཉི་མའི་དྲོད་ལ་རེ་བའི་རླབས།།

གཅིག་འཇགས་གཉིས་ལངས་རྟ་ཕོ་བང་གིས་རྒྱུག།


          དུས་ཀྱིས་ཟིན་པའི་ལོ་ཟླའི་རྨིག་རྗེས་ལ།།

སེམས་པའི་དྲོ་ས་གླན་པའི་དབུགས་དབྱུང་ཙམ།།

སྐབས་ཀྱི་བགྱི་བ་འབེན་ལ་འཁེལ་ན་ཡང་།།

འབྱུང་འགྱུར་བདེ་བའི་དག་ཞིང་གང་དུ་འཚོལ།།


         ང་ནི་མགོན་མེད་ཨ་ཕོ་ཁེར་རྐྱང་ཞིག།

ཉི་ཟླའི་སྐྱབས་སུ་མ་ཚུད་སྡུག་ཡུས་ལྕི།།

དྲན་གདུང་རྨ་འབྲིའི་རླབས་ཀྱི་ཟེགས་མ་འབུམ།།

འབྱུང་བཞིའི་ཁམས་ལ་ཕོ་ཉ་བཞིན་དུ་ལྷགས།།


         སེམས་ཀྱི་རྨ་ཁར་བཀབ་པའི་བསགས་ལྷན་ཞིག།

ལན་རེར་ལས་ཀྱི་རླུང་གིས་སྒུལ་བ་ཡིས།།

ངག་གི་འབབ་སྟེགས་གསེར་གྱི་ཁྲི་འཕང་ནས།།

སྙན་ཚིག་རླུང་རྟའི་རྟ་ཁྱུ་མཁའ་ལ་ཞོགས།།

༢༠༡༦ལོའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་དེབ་དང་པོར་བཀོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།