​ཉིན་ལྟར།

ཉིན་ལྟར།
              _____ཡུལ་ཤུལ་ལ་ཕུལ་བ།
ས་དམར་གྲགས་པ།  


ཁ་བ་འབབ་མཚམས་བཞག་མེད
བྱིས་པ་དག་སློབ་གྲྭར་འགྲོ་བའི་དུས་ལ་སླེབས་གྲབ་ཡོད
ཁྱི་རྒན་དག་མལ་ནས་བླངས་མ་མཚམས་ཡིན་ན་ཡང
སྐྱེས་འཆིས་སྔོ་མོ་ནས་གྲལ་བསྒྲིགས་ཟིན
ཁྲག་རྩ་བསྒུལ་བའི་ས་ཡི་རྦ་རླབས་འདི་ཁོ་ནས
གངས་རི་བསྒུལ་སོང  
མཚོ་མོ་བསྒུལ་སོང
སྤང་ཐང་བསྒུལ་སོང
(༢༠༡༠།༤།༡༥)
     ༢༠༡༥།༤།༡༤ཉིན་པེ་ཅིན་དུ་གྲུབ།


   ལོ་དེར།


སེམས་པ་ཞིག་བསྐུར་ཡོད   ཁྱེད་ཀྱིས་མཐོང་ཨེ་བྱུང
རྩམ་ཁུག་སྟོང་པ་ཞིག་ལས་ཅི་ཡང་མེད
མར་ལོ་དེའང་ཁྱེད་ལ་བསྐུར་ཡོད
བག་ལེབ་ཆུང་ཆུང་འགའ་ཡང་ཁྱེད་ལ་བསྐུར་ཡོད
གོས་ལྭ་གཙང་མ་རེ་འགའ་ཡང་ཁྱེད་ལ་བསྐུར་ཡོད
མིང་དང་ཡུལ་ཅི་ཡང་བྲིས་མེད
འུ་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་རེད
     ༢༠༡༤།༤།༡༤ཉིན་དབུས་སུ་གྲུབ།


   གྲོགས་པོ།


སེམས་པ་དུས་ཚོད་ཀྱིས་བརྡེར་རྗེས
ཚོན་མདངས་དགོས་དོན་མེད
དཀར་པོ་དཀར་རྐྱང་ཡིན
འུ་གཉིས་ཀ་ཨ་མ་གཅིག་ལས་མེད
དེའང་དཀར་པོ་ཡིན
གྲོགས་པོ   ཁྱོད་རང་ཡུལ་ཤུལ་ནས་ཡིན
རྗེས་ཤུལ་མེད་པ་ཞིག་མིན
 ༢༠༡༤།༡༢།༢༣ཉིན་དབུས་སུ་གྲུབ།


 གསར་འགྱུར།


བརྙན་འཕྲིན་ལས་བརྡ་ཁྱབ་མང་པོ་ཞིག་ལ་བལྟས་ཟིན
མེ་ཏོག་དང་སྦྲ་ནག་ལ་བལྟས་ཟིན
ཁང་པ་གསར་པ་དང
སློབ་ཁང་གསར་པ་ལའང་བལྟས་ཟིན
གསར་འགྱུར་ལས་ཁྱོད་ལ་ཐངས་མང་པོར་བལྟས་ཟིན
ཡུལ་ཤུལ  སང་ཉིན་ཡང་བལྟ་དགོས
   ༢༠༡༥།༤།༡༣ཉིན་པེ་ཅིན་དུ་གྲུབ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།