སྐྱེ་འཆིའི་ཕྱི་ནང་།(ཞར་བཀོད་གཅིག)
དུར་ཁྲོད་དུ་བྱ་རྒོད་བབས་རྗེས་ཁྱོད་རང་ཤི་བར་གྱུར
མི་གཙང་བ་ཕུང་པོ་འདྲ་བོ་དེ་བསྐྱུར་རྗེས་ཁྱོད་རང་སོས་པར་གྱུར
མདོག་མེད་པའི་གཙང་པོ་ཞིག་ཆིལ་ཆིལ་དུ་བཞུར
ཁྱོད་ཀྱི་རྐང་འོག་ནས་འགུལ་བའི་འབུ་སྲིན་གྱི་ཕང་ཕུང
མུན་ནག་ལ་གོམས་པའི་དམུས་ལོང་གི་རིགས་སུ་གྱུར་ཚེ
ཟླ་གཟུགས་ལ་བྲིས་པའི་རྡོག་ཁྲེས་ལྕི་མོ་འཁུར་མཁན་དེ་ནི
སེམས་མ་ལྔའི་སྲེད་པ་ལས་འཛག་པའི་འཇའ་ཚོན་དེའོ
ཚིག་གིས་གྲུབ་པའི་རི་མོ་ལྗང་ཁུ
གནམ་ས་གཉིས་གཅིག་ཏུ་སྦྲེལ་བྱེད་ཀྱི་ལྕགས་སྒྲོག་ཅིག་ཡིན་པར་འདྲ་སྟེ
སྐམ་ཟིན་པའི་མིག་ཆུ་དག་བཞུར་ཀྱིན་པའི་གཙང་པོ་དང་འདྲ་བར
དྲ་ཡོལ་ངོས་ཀྱི་ཁ་དོག་དག་དབྱིབས་སུ་བསྒྱུར་ནས་རྒས་སོང་ངོ་།།
སྟོང་པ་ཉིད་དུ་སྒོམ་དུས།
ཕ་རོལ་གྱི་རྒྱ་མཚོ་ཆེན་པོ་དེ་སྟོང་པ་ཉིད་དུ་སྒོམ་དུས
སྤྲིན་གསེབ་ནས་ཐར་པའི་ཟླ་འོད་ཆེམ་ཆེམ་ཞིག
གློ་བུར་དུ་དཀྱིལ་འཁོར་ལ་ཐིམ་པའི་བདག་གི་རྣམ་ཤེས་དང་ལྷན་གཅིག
ལྷ་མོའི་མིག་ཀོང་གི་འཛུམ་མདངས་ལ་འཁྱུད་དུས
འཁྱག་རོམ་གྱིས་བསྡམས་པའི་ཆུ་གཏེར་ཆེན་པོཛ
མཇལ་དར་དཀར་པོ་ཞིག་ལ་ཚི་དྲེག་ཆགས་པ་བཞིན་ནག་ཐུམ་མེར་ཡལ་སོང
རྒྱང་མཐའ་བར་སྣང་གིས་བཅད་པའི་ཕོ་བྲང་ཆུང་ཆུང
ཀེང་རུས་ཀྱིས་བཞེངས་པའི་འཇིག་རྟེན་ཞིག་ཏུ་གྱུར་སོང་ཚེ
རྐང་གླིང་གི་བུ་ག་རེ་འགར་མཛུབ་མོ་ཀེར་ནས
ཁུ་བྱུག་གིས་ལེན་གྱིན་པའི་གླུ་སྐད་ཐོས་པ་སྲིད་ཀྱང
རུལ་ནས་སུངས་དྲི་འཐུལ་བའི་འོད་ཀྱི་ཕུང་པོ་འདིས
ང་རང་ཆུ་ཐིགས་ཤིག་ཏུ་བསྒྱུར་ནས་མཚོ་ལ་ཐིམ་སོང
སྤུ་སྨྱུག་མཐོ་གང་ལག་མཐིལ་དུ་བཟུང་ནས
སུ་ཞིག་གི་གཟུགས་རིས་འབྲི་བར་རྩོམ་དུས
འོད་སྣང་གིས་བསྲུངས་པའི་དཀྱིལ་འཁོར་གྱི་མེ་ལོང་དེས
བར་སྣང་སྤྲིན་ཕུང་གི་འདབ་མ་གཏོར་ཞིང
ཆར་ཐིགས་ཀྱི་གཟེགས་མ་རེ་རེ་ས་རུ་བབས་སུ་བཅུག་པས
ང་རང་རླན་གཤེར་གྱིས་ནར་བའི་ཤོག་ལྷེབ་ཅིག་ཏུ་གྱུར་སོང
ཀེང་རུས་ཀྱིས་གང་བའི་བར་སྣང་དུ་སྐར་ཚོགས་མ་འཐོར་བར་དུ
དབའ་རླབས་དང་ཆུ་ཐིགས་ཀྱི་གཟེགས་མའི་བར་ནས
མི་ཞིག་གིས་ངོ་གདོང་ལ་གཙང་ཁྲུས་བྱེད་སྲིད
འདབ་ལོ་དག་ཤིན་ཏུ་མཛེས་པའི་པདྨ་མེ་ཏོག་མཚོ་འགྲམ་དུ་ཡོད་པ་ཇི་བཞིན།