མཛའ་གཞས་ཀྱི་ལྷག་རོ།(ཁག་གསུམ་པ།)

ཆུང་འདྲིས་ཤར་གྱི་གནམ་མཚོ།།

དྭངས་ཤ་ཆགས་པའི་མཚོ་རེད།།

ང་རང་གནམ་མཚོའི་གཏིང་གི།

ཉ་ཞིག་ཡིན་ན་བསམ་བྱུང་།།


ཆུང་འདྲིས་བྱམས་པ་རྫ་རེད།།

རྫ་རི་སྨུག་གིས་བཟུང་ཡོད།།

ཆུང་འདྲིས་བྱམས་པ་ཆུ་རེད།།

ཆུ་ལ་ཉ་སྲམ་འཁོར་ཡོད།།


ཆུང་འདྲིས་བྱམས་པ་ལྷ་རེད།།

ལྷ་ཞལ་ཉི་མས་དྲོས་ཡོད།།

ཆུང་འདྲིས་བྱམས་པ་མགུར་རེད།།

ངག་གིས་འགུགས་ལུགས་དེ་རེད།།


ཆུང་འདྲིས་རིན་ཆེན་གཟི་རེད།།

ལུས་ཀྱི་འཇམ་སར་གླན་ཡོད།།

ཆུང་འདྲིས་གདུགས་དང་འཁོར་ལོ།།

དཔོན་དང་བླ་མར་མི་བསྐོར།།


ཆུང་འདྲིས་སེམས་སུ་སྡོད་དུས།།

ཞེ་དང་སྣང་བ་སྐྱིད་པ།།

ཆུང་འདྲིས་འགྲོ་ལ་བབས་དུས།།

གློ་སྙིང་སྟེང་འོག་བརྗེས་སོང་།།


ཆུང་འདྲིས་ལོ་ཆང་ཁམས་པ།།

མཆོད་གསུམ་ལྷ་ལ་མཆོད་ཡོད།།

ལྷ་དང་བླ་མ་ཡིན་ཡང་།།

མགོ་ལྕོག་ལྡེམ་ལྡེམ་གནང་སོང་།།


ཆུང་འདྲིས་ལུག་ཆུང་ཚར་དཀར།།

འཇམ་པ་བལ་ལས་འཇམ་སོང་།།

ཆུང་འདྲིས་གྲོ་མ་མར་ཁུ།།

བྱུ་རུའི་མདངས་སུ་འཁྲུངས་ཡོད།།


ཆུང་འདྲིས་ལྷ་སའི་ཇོ་རེད།།

ཐོད་པ་གཏུག་སའི་ཡུལ་ཡིན།།

ཆུང་འདྲིས་ལྷ་སའི་གསེར་ཏོག།

མ་ཁུག་བཏང་བའི་ཏོག་ཡིན།།


ཆུང་འདྲིས་འཁྲིས་སུ་སྡོད་དུས།།

ཡག་པ་བྲིས་པའི་ལྷ་རེད།།

ཤིང་ལ་སྦྲུལ་ལྟར་འཁྱུད་དུས།།

ཆུང་འདྲིས་འཇམ་པོ་བལ་རེད།།


ཆུང་འདྲིས་སྒྲུང་དུ་འཁྲུངས་པའི།།

གླིང་གི་གེ་སར་རྒྱལ་བོ།།

ཨ་ཅེ་སེང་ལྕམ་འབྲུག་མོ།།

ང་རང་ཡིན་ན་བསམ་བྱུང་།།


ཆུང་འདྲིས་གླིང་གི་དཔའ་རྟུལ།།

དགྲ་ལྷ་འཁོར་བའི་མྱི་རེད།།

ཆུང་འདྲིས་རླུང་ལ་བསྐྱོད་པའི།།

རྒྱལ་མཚན་རྩེ་མོའི་དར་ལྕོག།


ཆུང་འདྲིས་ཁ་ཚིག་ཅན་པོའི།།

ཚིག་སྟེ་རྗེ་བཙུན་མགུར་རེད།།

ད་ལོར་རང་སོར་གྱེས་དུས།།

བརྗེད་འགྲོ་བསམ་པ་མ་གནང་།།


ཆུང་འདྲིས་གཞུང་གི་ཆུ་རེད།།

ང་རང་ཆུ་ཁའི་ཉ་ཡིན།།

ཆུ་ཞེང་ཆེ་སྲོལ་མི་ལྟ།།

དྭངས་ཤ་ཆགས་ནོ་བལྟས་ཡོད།།


ཆུང་འདྲིས་ཐབ་ཀྱི་མེ་རེད།།

ང་རང་རྒྱུ་བའི་རླུང་ཡིན།།

ཐབ་ལྷ་བསམ་པ་མིན་ཏེ།།

དྲོད་ཁོལ་བསམ་སྟེ་ཡོང་ཡོད།།


ཆུང་འདྲིས་བྲག་དམར་ཐེམ་རེད།།

ང་རང་ཐང་དཀར་རྒོད་ཡིན།།

བྲག་རི་མཐོ་ལ་མ་བལྟས།།

བྲག་ཅ་བསམ་སྟེ་འཁོར་ཡོད།།


ཆུང་འདྲིས་རི་རྒྱུད་ལྷུན་པོ།།

ང་རང་ལུག་རྫི་གླུ་བ།།

རི་མགོ་མཐོ་བར་མ་བལྟས།།

ཁ་ཞེང་ཆེ་སྲོལ་བལྟས་ཡོད།།


ལྷ་བྱ་ཁྲུང་ཁྲུང་དཀར་མོ།།

ང་ཡི་གཤོག་མཐུན་བྱ་ཡིན།།

རྒྱ་བྱ་ཁུ་བྱུག་སྔོན་མོ།།

དབྱར་དགུན་མཁྱེན་པའི་བྱ་ཡིན།།


ཤ་རུས་གཙང་བའི་བྱམས་པ།།

མི་ཆེན་དཔོན་པོའི་སྲས་རེད།།

ཁྲལ་དང་འུ་ལག་འཇལ་ཞོར།།

ང་རང་མཁར་སྒོར་འབྱོར་ཡོད།།


འདུ་བྲལ་འཁོར་བའི་ཆོས་ཉིད།།

འགྱུར་མེད་གཤིན་རྗེའི་ཁྲིམས་རེད།།

ཁྲིམས་རའི་གཉའ་ཤིང་འདེགས་མཁན།།

ཁྱེད་དང་ང་གཉིས་ཡིན་སོང་།།


ཚེ་འདིར་ཆད་པའི་ལས་འཕྲོ།།

ཚེ་རབས་ཕྱི་མར་བཅོལ་བ།།

གཤིན་རྗེ་ཆོས་ཀྱི་རྒྱལ་བོར།།

ང་ཡིས་ཡར་ཞུ་བརྒྱབ་ཆོག།


ཟླ་འོད་སྔས་སུ་བཟུང་སྟེ།།

སྨག་རུམ་གདན་ལ་བཏིངས་པ།།

འུ་གཉིས་མི་ཡུལ་འདི་ཡི།།

མགྲོན་པོ་གཞན་ཞིག་ཡིན་སོང་།།


འཆི་བྲལ་མིན་པར་བྲལ་ཡང་།།

གསོལ་བ་ལྷ་ལ་བཏབ་ཡོད།།

སྐྱེ་བ་ཚེ་རབས་ཕྱི་མར།།

འཕྲད་ཡོང་སྟོན་པས་གསུངས་ཡོད།།


ཚེ་འདིའི་ཚེ་ནོམ་ཟེར་བ།།

རྒྱུ་དང་གོ་ས་མིན་འདུག།

ཆུ་དང་འོ་མ་བཞིན་དུ།།

ཡིད་སེམས་འདྲེས་པ་ཡིན་སོང་།།


ཆུང་འདྲིས་ཕྱིན་པའི་ཕྱོགས་སུ།།

ཉིན་བསྒུག་མཚན་བསྒུག་བྱས་ཡོད།།

ཉི་མ་ལོ་ལས་རིང་ཡང་།།

ལོག་ཡོང་བསམ་སྟེ་བསྒུག་ཡོད།།


ཉི་མ་ཟླ་བ་གཉི་ག།

འོད་ཁྱིམ་གཅིག་ཏུ་འཁོར་ཡོད།།

འཁོར་ཕྱོགས་ནོར་ཡོང་མི་བསམ།།

གཟའ་འཛིན་བྱུང་ཚེ་ལས་ཡིན།།


རང་སེམས་སོང་བའི་བྱམས་པར།།

གཏན་གྱི་འདུན་མ་བཅོལ་འདོད།།

ལས་ལ་འགྱུར་བ་བྱུང་ཡང་།།

འགྱོད་སེམས་མེད་པ་གནང་ཆོག།


འགྲོགས་འདྲིས་གནང་བའི་དུས་ལ།།

སྙིང་གཏམ་མགྲིན་པར་མ་བསྐྱིལ།།

ཡ་ཆུང་གངས་དཀར་སེམས་ཀྱིས།།

འཁྱེར་སོ་མི་གཅིག་ཁྱད་ཡོད།།


རྩྭ་མཆོག་གུར་ཀུམ་རྩ་སྨན།།

མ་སྦྱར་རང་གྲུབ་སྨན་རེད།།

དུག་ལྡན་སྤོད་ཡའི་རྫས་དང་།།

ཨེམ་རྗེས་མ་སྦྱར་ཨེ་ཆོག།


རྫ་རིའི་འོག་གི་ཆུ་མགོ།

ཆུ་མགོ་མུ་ཏིག་རང་འབབ།།

འདི་ལ་ཆུ་ལག་གཞན་གྱིས།།

འདྲེས་ལྷད་མ་གནང་ཨེ་ཆོག།


རླུང་རྟ་ཡར་འགྲོའི་སྒང་དེ།།

ང་གཉིས་ལས་ཀྱི་སྐྱེས་རི།།

ང་ཡི་ཆུང་འདྲིས་བྱམས་པའི།།

ལུས་ཀྱི་རླུང་རྟ་དར་ཤོག།


ཀ་མགོ་གདུགས་ཀྱིས་བསྐོར་ཡོད།།

ཀ་རྟིང་ཀ་རྡོས་བཟུང་ཡོད།།

ཁྱེད་དང་འུ་གཉིས་དབར་ལ།།

གདུགས་དང་ཀ་རྡོ་མི་དགོས།།


སྙིང་བོ་འདྲེན་པའི་ཆོས་སྒོར།།

ཞུགས་དགོས་བླ་མའི་བཀའ་རེད།།

ཆུང་འདྲིས་ཡིད་ལ་འཁོར་བས།།

ཕྱིར་ནུར་ལན་གསུམ་བརྒྱབ་སོང་།།


དགུན་ལ་ཁ་བ་དབབ་ན།།

ལ་ཐང་བསྐོར་ཏེ་ཕྱིན་ཤོག།

ང་ཡིས་སྒོ་འཕྱོར་འོག་ཏུ།།

རྟ་ཕོའི་རྨིག་སྒྲར་མཉན་ཆོག།


དབྱར་ལ་ཆར་ཆུ་ཆེ་ན།།

མཚོ་ལ་ཀོ་གྲུ་ཐོངས་ཤོག།

ང་ཡིས་མཚོ་མོའི་འགྲམ་དུ།།

ཆར་བཤོལ་བྱེད་ས་ཞུས་ཆོག།


འོ་སྤྲིའི་འོ་ཇ་དཀར་པོ།།

དཀར་ཡོལ་འབྲུག་མར་འཁྱིལ་ཡོད།།

དཀར་ཡོལ་འབྲུག་མ་རྟག་ཚེ།།

འཁྱིལ་ཐབས་འོ་ཇས་ཞུས་ཆོག།


སེམས་སོང་ཆུང་འདྲིས་བྱམས་པའི།།

སྤྱན་གྱིས་གཟིགས་ཕྱོགས་དྲན་ཚེ།།

དགོས་འདོད་ནོར་བུ་ཀུན་འབྱུང་།།

རེག་ཐབས་ང་ཡིས་ཞུ་འདོད།།


ནུབ་རིའི་ཉག་གའི་ཁ་རུ།།

བྱམས་པ་བཙལ་དུ་ཕྱིན་ཡང་།།

ཞེ་གནག་སྨུག་པ་དེ་ཡིས།།

ང་ལ་མགོ་བསྐོར་བཏང་བྱུང་།།


དུས་འཁོར་དབང་ལ་འཁོར་བའི།།

མཇལ་བའི་འཚང་ཁ་ཤིག་ཤིག།

ཆུང་འདྲིར་མཇལ་རྒྱུ་མེད་པས།།

སྙིང་གི་འཕར་རྩ་འགག་སོང་།།


བྱ་ཚང་གཅིག་གི་ལས་ལ།།

ང་གཉིས་བསྐོས་པ་མེད་ཀྱང་།།

ནགས་ཏེ་གཅིག་གི་ཁ་རུ།།

བརྒྱུད་རྒྱུ་བྱུང་ན་དགའ་བ།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།