ཨ་དོན་གྱི་གཞས་ཚིག་བརྩམས་ཆོས།(གཉིས་པ།)

༡༼ས་ཆེན་གྱི་རོལ་དབྱངས།༽

སུ་ཡི་རྟ་ཕོའི་རྨིག་སྒྲ་རྒྱང་རིང་གི་ཕོ་བྲང་ནས་མཆེད་ཡོང་།

སུ་ཡི་ཀི་བསོའི་རྒྱང་སྐད་ལྷིང་འཇགས་ཀྱི་སྐུ་མཁར་ནས་གྲགས་ཡོང་།

ང་ཡི་བླ་སྲོག་གི་གནམ་ས་སྒུལ་བའི་མཉམ་སྒྲོག་རོལ་མོ།

ང་ཡི་འཇིག་རྟེན་གྱི་ཕྱི་ནང་སྐྱོམས་པའི་བསྐལ་བའི་ང་རོ།

ཨ། ཕྱིང་དཀར་གྱི་མེས་པོ།

སྲིད་པ་ཡི་གླུ་ཆུང་།

རི་རབ་དང་གཙང་ཆུ་ཡི་དྭངས་གཙང་འབོད་པ།

ལུས་ངག་དང་ཡིད་གསུམ་གྱི་ས་ཆེན་རོལ་དབྱངས།

ཚེ་རབས་དང་མི་རབས་ལ་བརྒྱུས་བའི་སྲིད་པའི་དབྱངས་རྟ།

ཁྱེད་ནི་སྐྱེས་ཆེན་གང་གི་དུས་གསུམ་གྱི་མགུར་མ་ཡིན།

ཨ། ས་ཆེན་གྱི་རོལ་དབྱངས།

སྲིད་པའི་རྣམ་ཤེས་སྦྲུམ་པའི་ཨ་ལ་དགུ་སྐོར།


སུ་ཡི་དཔུང་རྡང་གི་ཁྲོམ་སྒྲ་རྒྱང་རིང་གི་ས་མཐའ་ནས་མཆེད་ཡོང་།

སུ་ཡི་མཉམ་འུར་གྱི་གླུ་སྐད་ཐོ་རེངས་ཀྱི་གནམ་མཐའ་ནས་མཆེད་ཡོང་།

ང་ཡི་དགའ་སྐྱོ་ཡི་མཆི་མ་འདར་བའི་སེམས་གཞས་དྲོན་མོ།

ང་ཡི་ཤ་རུས་ཀྱི་ཁྲག་རྒྱུན་འགག་པའི་ན་ཟུག་དམར་པོ།

ཨ། གཡུ་ཐོགས་ཀྱི་དཔའ་བོ།

སྲིད་པ་ཡི་གླུ་ཆུང་།

ཡུལ་མི་དང་སྤུན་ཟླ་ཚོའི་ཚེ་གཅིག་གླུ་གཅིག

ཡུལ་གྲུ་དང་མི་ཡུལ་གྱི་ས་ཆེན་རོལ་དབྱངས།

ཚེ་རབས་དང་མི་རབས་ལ་བརྒྱུས་བའི་སྲིད་པའི་དབྱངས་རྟ།

ཁྱེད་ནི་སྐྱེས་ཆེན་གང་གི་གསང་གསུམ་གྱི་རྣམ་ཐར་ཡིན།

ཨ། ས་ཆེན་གྱི་རོལ་དབྱངས།

སྲིད་པའི་རྣམ་ཤེས་སྦྲུམ་པའི་ཐ་ལ་དྲུག་འགྱུར།

༢༼ཕ་མེས་ཡང་མེས།༽

ཟུངས་ཁྲག་དང་རྔུལ་ནག་གི་མཚམས་སྤྲིན་འཁུར་ཞིང་།

ནམ་མཁའི་རྒྱ་ཁྱོན་འདེགས་པའི་དབུ་རྨོག་དམར་པོ།

བཙན་རྫོང་དང་ལྕགས་མཁར་གྱི་ཕྱི་རོལ་ན།

ཕུ་ནུ་དང་སྤུན་ཟླ་ཡི་ནང་རོལ་ན།

བཞུད་ཟིན་པའི་ལོ་ཟླའི་གྲེ་བ་ན་འགག་པའི་མཆུ་མ་དྲོན་མོ།

འཕུར་སོང་བའི་ནམ་མཁའི་བྱ་ལམ་ནས་ཆས་བའི་རྣམ་ཤེས་གསོན་པོ།

རྨོག་གི་རལ་བ་གསིག་ནས་ས་གསུམ་སྒུལ་ཡོང་།

རྐང་གི་ཡོབ་ཆེན་རྡུང་ནས་མཚོ་མོ་སྐྱོམས་འགྲོ།

ངའི་ལྷ་ཆེན་གྱི་ཕོ་བྲང་ན་འགྱིང་པའི་སྐུ་རྒྱལ་ལྷུན་པོ།

ངའི་ས་ཆེན་གྱི་གོང་བ་ན་བཞུགས་པའི་མགོ་བོ་མཐོན་པོ།

ཨ། མགོ་བོ་མཐོན་པོ། གོང་བ་སྔོན་པོ།

ངའི་ཡབ་མེས་ཀྱི་བླ་རུས་ལ་ཟུག་པའི་དྲན་ཤིང་བཀན་མོ།

ཨེ་མ། ཕ་མེས། ཨ་ཡང་མེས།


ཉི་ཟླ་དང་ཉིན་མཚན་གྱི་རྒས་གཉེར་འཁུར་ཞིང་།

སྙིང་དམར་བོར་རུས་བ་སྦྲུམ་པའི་གོ་ཁྲབ་སྨུག་པོ།

དབུ་མནའ་དང་གསེར་སྐྱེམས་ཀྱི་ཕྱི་རོལ་ན།

རི་རབ་དང་གཙང་བོའི་ནང་རོལ་ན།

ཡལ་ཟིན་པའི་རྡུལ་མཚོན་གྱི་རི་མོ་རུ་བཞད་པའི་རླུང་དམར་མེ་ཏོག

གཤེགས་སོང་བའི་བྱང་ལམ་སྐྱ་མོ་ནས་ཆས་བའི་མི་རྟ་སྔོན་པོ།

ཁྲབ་ཀྱི་བྱང་ཐགས་བསྡམས་ནས་སྙིང་རྩ་རྒྱས་མྱོང་།

ལག་གི་རལ་གྲི་གཡུག་ནས་དཔུང་རྡང་གཏོར་མྱོང་།

ངའི་བྱང་སྟོད་ཀྱི་ཡ་ཁོག་ན་བཞུགས་པའི་མི་རྗེ་བཙན་པོ།

ངའི་རྒྱང་འབོད་ཀྱི་ངར་སྐད་ལ་སིམ་པའི་མགོ་ནག་མི་སྐྱེས།

ཨ། མགོ་བོ་མཐོན་པོ། གོང་བ་སྔོན་པོ།

ངའི་རིགས་རུས་ཀྱི་ཚེ་རབས་ལ་བརྒྱུས་བའི་སྣང་བརྙན་གསོན་པོ།

ཨེ་མ། ཡབ་མེས། ཨ་ཡང་མེས།

༣༼ནོར་བཟང་རྒྱལ་བོ།༽

རྒྱ་བལ་ནོར་གྱི་ལམ་མཁན།།

གངས་ཅན་བསྟན་པའི་སྦྱིན་བདག

ཙོང་ཁ་པ་ཡི་ཐུགས་སྨོན།།

ཆོས་རྒྱལ་ནོར་བཟང་རྒྱལ་པོ།།


མཆོད་རྟེན་སྒོ་བཞིའི་ནང་ལ།།

ནོར་བུ་བསམ་འཕེལ་བཞུགས་ཡོད།།

ནོར་ལ་ནོར་བུ་ཆ་བདུན།།

ཚོང་དཔོན་ནོར་བཟང་རྒྱལ་པོ།།


ལྷ་ཆོས་མི་ཆོས་དར་སོང་།།

ནོར་གཡང་ཕྱྭ་གཡང་འཁོར་སོང་།།

ནོར་བཟང་བོད་ལ་བྱོན་ནས།།

བོད་ཡུལ་བདེ་ལ་འཁོད་སོང་།།


བདེ་ལྡན་བོད་ཀྱི་རྒྱལ་པོ།།

སྐྱེས་ཆེན་ནོར་བཟང་རྒྱལ་པོ།།

མཁའ་དང་མཉམ་པའི་མཛད་འཕྲིན།།

དབྱངས་ལྡན་མཆོད་པས་བསྟོད་དོ།།

༤ ༼ གཡང་གི་ལྷ་དར༽

འོད་གསལ་ལྷ་བུ་དཀར་པོ།

ཇོ་མོ་གླང་མའི་མེས་པོ།

མི་ལ་གདོང་དམར་མེས་པོ།

རི་ལ་གངས་རི་དཀར་པོ།

གངས་ལ་རྣམ་ཤེས་འཁོར་བའི་ལུག་ཁྱུ་དཀར་པོ།།

མི་ལ་སྙིང་རྗེ་འཁྲུངས་བའི་རྒྱུ་འབྲས་དཀར་པོ།།

དཀར་པོ་ཨ། རྒྱུ་འབྲས་ཡ།

དཀར་པོ་ལས་ཀྱིས་དགེ་བའི་གཡང་དར།

ཨ་་་གངས་དཀར་པོའི་གཤོག་པ་རྒྱངས་ལེ་བོ།

བལ་དཀར་བོའི་བཀྲ་ཤིས་ལྷ་དར་ཡིན།


ས་སྒང་མུ་ཏིག་དཀར་པོ།།

འཛམ་གླིང་འཛིན་མའི་རྩེ་མོ།།

ས་ཆེན་གོང་བ་དཀར་པོ།།

གངས་ཆེན་ཁ་བ་དཀར་པོ།།

ཡུལ་ལ་དགེ་བཅུ་ཚང་བའི་ལུང་པ་དཀར་པོ།

རྒྱུད་ལ་གཞན་ཕན་ཕྱུག་པའི་བློ་གྲོས་དཀར་པོ།

དཀར་པོ་ཨ། བློ་གྲོས་ཡ།

དཀར་པོ་བལ་ལས་འཐག་པའི་ལྷ་དར།

ཨ།ལམ་དཀར་པོ་གཡས་སྐོར་རྒྱབ་ལེ་བོ།

བལ་དཀར་བོའི་གཡང་གི་སྙན་དར་ཡིན།

༥༼ཆུང་འདྲིས།༽

(མཉམ་བྲིས།)

མཚོ་དེ་ཁྲི་ཤོར་རྒྱལ་མོ།།

དྲན་པའི་མིག་ཆུ་རྡོག་གཅིག།

ཞེ་འདང་བཅུ་བའི་མཚོ་མོ།།

གསེར་ཐོམ་འཇོག་པ་མ་གནང་།།

ཨ་རོགས་ཆུང་འདྲིས་མཚོ་མོ།

དྲན་གདུང་མཚོ་མོ་བཅུས་ན་ཚར་འགྲོ་བསམ་པ་ང་ལ་མེད།།

ཡ་རོགས་ཆུང་འདྲིས་མཚོ་མོ།

འདང་བརྩེ་ཟོམ་ལ་འཁུར་ན་ཆད་འགྲོ་སྣང་བ་ཁྱོད་ལ་མེད།།


རི་དེ་གངས་དཀར་ཏེ་སེ།།

མི་འགྱུར་རྡོ་རྗེ་དགུ་མདུད།།

རི་རྒྱལ་ཁྲེལ་གཞུང་ལྡན་ན།།

བསླུ་བྲིད་གཡོ་བ་མ་གནང་།།

ཨ་རོགས་ཆུང་འདྲིས་ཚེ་རིང་།

ཞེ་འདང་གངས་ལ་དཀྲིས་ན་རིང་འགྲོ་བསམ་པ་ང་ལ་མེད།།

ཡ་རོགས་ཆུང་འདྲིས་ཚེ་རིང་།

ལས་འཕྲོ་ཁ་བར་བཅོལ་ན་ཞི་འགྲོ་སྣང་བ་ཁྱོད་ལ་མེད།།


གཞས་དེ་ཚངས་དབྱངས་མགུར་གླུ།།

ཚེ་གཅིག་ལེན་རྒྱུ་བྱུང་ན།།

ཚངས་དབྱངས་རྒྱ་མཚོའི་ཐུགས་འདུན།།

འགྲུབ་པ་དེ་དང་འདྲ་བྱུང།།

ཨ་རོགས་ཆུང་འདྲིས་ཚེ་མ།

སྙིང་གཏམ་མགུར་ལ་དྲངས་ན་འཚིམ་འགྲོ་བསམ་པ་ང་ལ་མེད།

ཡ་རོགས་ཆུང་འདྲིས་ཚེ་ཡ།

དམ་ཚིག་གཞས་ལ་དྲངས་ན་སུན་འགྲོ་བསམ་པ་ཁྱོད་ལ་མེད།

༢༠༡༨/༡༢/༡༧

༦༼ ཨ་ལོང་དགུ་མཐུན།༽

ལམ་འདི་གནམ་གྱི་མཐའ་རེད།

ལམ་འགྲོ་དོག་མོ་ས་རེད།

སྐྱིད་སྡུག་རྟ་ཕོ་གཅིག་ན།

སྔ་རུ་ཕྱི་རུ་བརྗེ་ཆོག

གསང་གཏམ་ཨ་ལོང་དགུ་མཐུན།

རྟ་ཕོས་མ་གཏོགས་མི་ཤེས།


ལས་འདི་ལ་མོའི་རླུང་རེད།

ལས་དབང་གཞུ་མོ་མཇའ་རེད།

ལས་ཀྱི་སྦྲ་ཁྱིམ་གཅིག་ན།

རྒྱུ་སྤུན་ཐགས་ལ་འདྲེན་ཆོག

གཞས་ཆུང་ཨ་ལ་དྲུག་འགྱུར།

སྦྲ་ཆུང་མ་གཏོགས་མི་ཤེས།


ཚེ་འདི་ཟིལ་བའི་རྩེ་རེད།

ཚེ་ཟླ་ཉི་མའི་མིག་རེད།

མི་ཚེ་གཅིག་ལ་བཅོལ་ན།

ཚེ་ཡི་སྔ་ཕྱི་བརྗེ་ཆོག

ཚེ་མཐུན་དམ་ཚིག་རྡོ་རྗེ།

ཁྱོད་རང་མ་གཏོགས་མི་ཤེས།

༢༠༡༩/༡/༧

༧༼ འབྲོག་མོ།༽

བགད་ན་ལྷོད་ཀྱིས་ཁྲོལ་བ།།

འཛུམ་ན་ཡུན་གྱི་སིམ་པ།།

མིག་ལ་དར་ཅིག་ལྷུང་བའི།།

འབྲོག་མོ་སྙིང་ལ་རྗེ་བོ།།


འབྲོག་མོ་དགོད་དགོད་མ་གནང་།།

ཡ་སྟོད་བྲག་ཐེམ་ཉིལ་ཡོང་།།

འབྲོག་མོ་འགྲོ་འགྲོ་མ་གནང་།།

རྣམ་ཤེས་འཁྱར་བོ་ལོག་འགྲོ།


སྐྱིད་པོ་ཡིད་ལ་བྱུང་ན།

འབྲོག་མོ་ཡིན་ན་སྐྱིད་པ།།

སྡུག་པོར་འདང་རེ་བརྒྱབ་ན།།

འབྲོག་རུ་བཙན་ན་སྡུག་པ།།


འབྲོག་མོ་འགྲོགས་ན་བསམ་བྱུང་།།

འབྲོག་འདང་འགྲོགས་ན་ཆགས་པ།།

འགྲོགས་འདྲིས་བྱུང་བའི་འབྲོག་མོ།།

ཤི་གསོན་འབྲལ་བ་མེད་ན།།


སྔ་བཤད་ཚིག་རྟིང་ཡོད་ན།།

ཕྱི་བཤད་འཁོར་བ་སྒྲིག་ཆོག

འབྲོག་མོ་འོ་མ་འདྲ་ལེ།།

མི་ཚེ་འོ་མས་བསྐྱལ་ཆོག


གོས་དཀར་གོང་བ་ཡོད་ན།

དངུལ་དཀར་སྒྲོག་གུ་བཏགས་ཆོག

འབྲོག་མོ་བལ་དཀར་འདྲ་ལེ།

ཚེ་ལྭ་གཅིག་གིས་གོན་ཆོག

ཚེ་འདང་གཅིག་གིས་སྲུང་ཆོག

༢༠༡༩/༡/༡༦

༨༼ཁ་བ་ཅན།༽

ཕ་དམ་པ་བྱང་ཆུབ་སེམས་དཔའ་ཡིན།།

མ་མཛངས་མ་རྗེ་བཙུན་སྒྲོལ་མཡིན།།

གན་ཕ་མ་གཉི་གི་སྐུ་དྲིན་ལ།།

བོད་ཁ་བ་ཅན་ལ་བུ་རྒྱུད་འཛོམས།།


རྗེ་བཙན་པོ་སྲོང་བཙན་སྒམ་པོ་ཡིན།།

བློན་བཙུན་པོ་ཐོན་མི་ཨ་ནུ་ཡིན།།

གན་རྒྱལ་བློན་གཉི་གི་སྐུ་དྲིན་ལ།།

བོད་ཁ་བ་ཅན་ལ་ཤེས་རིག་འཁྲུངས།།


ཡུལ་ཆེན་པོ་བོད་ཀྱི་རྒྱལ་ཁམས་ཡིན།།

མི་སྨུག་པོ་ལྡོང་གི་རྒྱུད་པ་ཡིན།།

གན་མི་སྡེ་གཉི་གི་སྐུ་དྲིན་ལ།།

བོད་ཁ་བ་ཅན་ལ་མངའ་ཐང་རྒྱས།།


བུ་རྒོད་པོ་ཆོལ་གསུམ་བདག་པོ་ཡིན།།

ཚོ་ངར་མ་རྒྱལ་ཁམས་རིག་བུ་ཡིན།།

གན་བུ་ཚོ་གཉི་གི་སྐུ་དྲིན་ལ།།

བོད་ཁ་བ་ཅན་ལ་རླུང་རྟ་དར།།

༢༠༡༩/༡/༡༧

༩༼སུམ་ཆང་འདྲེན་གླུ༽

ཆང་འདི་གོང་མའི་རྒྱལ་ཆང་།།

སེང་གེ་ཁ་འབབ་འདྲ་ལེ།།

ཆང་མ་མཁར་ནང་ཨ་བཟའ།།

གསེར་སྐྱེམས་མཆོད་པའི་ཡུལ་ལ།།

ཆང་ཕུད་ལན་གསུམ་མཆོད་དང་།།

གུས་ཕྱག་ལན་གསུམ་ཕུལ་དང་།།


ཆང་འདི་བཙུན་མོའི་མཆོད་ཆང་།།

ཁྲི་ཤོར་རྒྱལ་མོ་འདྲ་ལེ།།

ཆང་པ་མཁར་ནང་ཨ་ཕོ།།

དངུལ་སྐྱེམས་མཆོད་པའི་ཡུལ་ལ།།

མཆོད་ཆང་ལན་གསུམ་མཆོད་དང་།།

ཆང་གཞས་ལན་གསུམ་ཕུལ་དང་།།


ཆང་འདི་འབངས་ཀྱི་དམངས་ཆང་།།

ཡར་ཀླུང་གཙང་པོ་འདྲ་ལེ།།

ཆང་མཁན་མཁར་ནང་ཕོ་མོ།།

རིགས་རུས་མཆོད་པའི་ཡུལ་ལ།།

ཆང་སྐྱེམས་ལན་གསུམ་མཆོད་དང་།།

ཆང་སྐོར་ལན་གསུམ་རྒྱོབས་དང་།།

༢༠༡༩/༡/༢༨


微信图片_20190130101101.jpg

སྨྱུག་མིང་ལ་ཨ་དོན་དང་དངོས་མིང་ལ་ཚེ་རིང་དོན་གྲུབ་ཏུ་འབོད་ཅིང་མདོ་སྨད་ལྷོ་རྒྱུད་འབོ་ར་ཨ་མཆོག་ཏུ་འབོད་པའི་ཡུལ་ལུང་ཨ་མཆོག་ཡ་རུ་རྒྱུད་ནི་ཕ་སའོ།ལོ་ངོ་བཅུ་ཕྲག་ལྷག་ལ་རྩོམ་རིག་གི་ལམ་ཁར་ཞུགས་ཞིང་སྒྲུང་གཏམ་གཙོས་བའི་ལྷུག་རྩོམ་དང་སྙན་ངག་གི་གསར་རྩོམ་དང་ཡིག་སྒྱུར་ལའང་འཇུས་མྱོང་།མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་དང་ཟླ་ཟེར།སྦྲང་ཆར།ཀྲུང་གོ་བོད་ཀྱི་དྲ་བ། འདབ་ལྡན་སོགས་སུ་སྔ་ཕྱིར་༼འགྲམ་ལྕགས་གསུམ། ༽༼ཁོག་དཔུང་།༽༼ མིང་མེད། ༽༼རིས་བུམ་ནག་པོ༽ ༼དམ་ཚིག་དགུ་སྒྲིལ༽༼ཉིན་གཅིག་གི་འཆར་གཞི༽ ༼སྐད་ཆ་མེད་པའི་སྐྱེལ་མ༽༼རྣམ་ཐར་བཙན་པོ་མ༽༼སྙན་ངག་པ༽ སོགས་སྒྲུང་ཐུང་སྐོར་ཞིག་དང་གཞས་ཚིག་རབ་ཅིག་སྤེལ་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།