ཀྲུང་གོ་བོད་ཀྱི་དྲ་བ།

དྲན་གདུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྐལ་རྒྱམ།   སྤེལ་དུས། : 2016-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

--- ཚེ་འདས་ཀྱི་དྲིན་ཆེན་ཕ་རྒན་རྗེས་སུ་དྲན་པ།

སྐལ་རྒྱམ།(ལྷ་ས)


1

ཨ་ཕ་ནི།  བརྗིད་ཆགས་ཀྱི་གངས་རི་ཇི་བཞིན་ངའི་ལྟག་རྒྱབ་ན་རྔམ་བརྗིད་ཀྱིས་འགྱིང་བའི་སྟོབས་ཤུགས་དེ་ཡིན་ལ།  ཨ་ཕ་ནི།  ཞི་འཇམ་གྱི་ཉི་འོད་ནང་བཞིན་ངའི་མདུན་ངོས་སུ་བདེ་དྲོད་ཀྱིས་འཁྱིལ་བའི་བྱམས་བརྩེ་དེ་ཡིན། ཨ་ཕ་ནི།  འགྱུར་མེད་ཀྱི་རྡོ་བརྐོས་ཇི་བཞིན་ངའི་སྙིང་ཁོང་ན་རྟག་བརྟན་གྱིས་འཚོ་བའི་དྲན་ཤིང་དེ་ཡིན་ལ།  ཨ་ཕ་ནི།  དྭངས་གཙང་གི་རྫ་ཆུ་ནང་བཞིན་ངའི་སེམས་ངོགས་སུ་ལྷད་མེད་ཀྱིས་བཞུར་བའི་བརྩེ་འདང་དེ་ཡིན་ལགས།

2

ཨ་ཕ་ལགས། མི་ཚེའི་ཀྱག་ཀྱོག་གི་འགྲུལ་བཞུད་རིང་མོ་ནི་ཕ་གའི་རི་སྐེད་དུ་འཐེན་པའི་རྐང་ལམ་ཕྲ་མོ་དེ་ཡིན་ན།  ཁྱེད་ནི་དཀའ་སྡུག་གི་ལོ་ཟླའི་རྡོག་ཁྲེས་ཁུར་ཏེ་རི་རྩེ་དེར་དབུགས་ཐེངས་གཅིག་གིས་འཛེགས་མཁན་དེ་ཡིན་ལ།  མི་ཚེའི་གཏམ་རྒྱུད་ཀྱི་གོ་རིམ་ནི་མ་གའི་སྤང་ཐང་ན་རྒྱུ་བའི་རྨ་ཆུ་སྔོན་མོ་དེ་ཡིན་ན།  ཁྱེད་ནི་ཁྱིམ་ཚང་དང་བུ་ཕྲུག་གི་བདེ་སྡུག་རྔུལ་ཆུར་བརྫིས་ཏེ་ཆུ་ཆེན་དེ་འཕྲེད་ཀྱིས་གཅོད་པའི་དཔའ་རྒོད་དེ་རེད་ཨང་།

3

ཨ་ཕ་ཡ།  རྨི་ལམ་ལྟ་བུའི་ལོ་ཟླ་དེའི་ཕར་ངོགས་ན།  ཁྱེད་ཀྱི་བྱམས་བརྩེ་དང་ཐུགས་ཁུར་གྱི་འོ་མཚོ་དེ་ད་དུང་ཞི་འཇམ་གྱིས་འཁྱིལ་ལ།  འཇའ་ཚོན་ལྟ་བུའི་མི་ཚེ་འདིའི་གཙང་ངོགས་ན། ཁྱེད་ཀྱི་འཛུམ་ཞལ་དང་ཐུགས་དགོངས་དེ་སྔར་བཞིན་བརྟན་བརླིང་གིས་བརྗིད།  ཨ་ཕ་ལགས།  ཁྱེད་ལ་ཁ་ཡག་དང་ངོ་བསྟོད་ཀྱི་གསུང་བརྗོད་མང་པོ་མེད་ནའང་།  ཁྱེད་ཀྱི་བརྩེ་སེམས་དེ་གསོམ་དཀར་གྱི་སྡོང་པོ་ཇི་བཞིན་དུས་བཞིར་སྔོ་ལྗང་ངེར་བརྟན་ལ། ཁྱེད་ལ་སྟོབས་འབྱོར་དང་མངའ་ཐང་གི་སྙན་གྲགས་མཐོན་པོ་མེད་ནའང་།  ཁྱེད་ཀྱི་གདམ་ངག་དེ་བྲག་བརྐོས་ཀྱི་རི་མོ་ནང་བཞིན་སྙིང་དབུས་སུ་གསལ་གྱི་ལེར་སྣང་།

4

བྱིས་དུས་ཀྱི་དྲན་པ་རབ་རིབ་ན།  ཨ་ཕ་ནི་རི་རྩེའི་ལྷགས་རླུང་གི་འཇབ་རྒོལ་ཐོད་ཀྱིས་བསུ་བའི་དར་ལྕོག་ནང་བཞིན་ཞུམ་མེད་ཀྱིས་ཀྲོང་ངེར་འགྲེང་ལ།  ལོ་ཟླ་ཡི་ལྟེབ་གཉེར་གྱི་ཟ་ཟུར་ན། ཨ་ཕ་ནི་དུས་བཞིའི་འགྱུར་བག་གི་འཇམ་རྩུབ་འཛུམ་གྱིས་བསུ་བའི་འབྲོང་གཡག་ཇི་བཞིན་ཉམས་མེད་ཀྱིས་འགྱིང་ངེར་གནས།  ཨ་ཕ་ལགས། ཁྱེད་ཉིད་བཞུགས་པའི་ལོ་འཁོར་དེ་དག་ནི།  ཁུ་བྱུག་སྔོན་མོའི་གྲེ་འགྱུར་སྙན་པའི་དབྱར་ཟླ་རྐྱང་རྐྱང་ཡིན་ལ།  ཁྱེད་ཉིད་བཞུགས་པའི་ཁྱིམ་གཞིས་དེ་ཉིད་ནི།  རྒྱབ་རི་སྨུག་པོ་ཉི་ཟེར་གྱིས་བརྒྱན་པའི་མཛེས་ལྗོངས་ཏག་ཏག་རེད་ཨང་།

5

ཨ་ཕ་ལགས།  མཚན་མོ་དེའི་སྨག་རུམ་གྱི་འཇབ་རྒོལ་ཁྲོད་དུ། ཁྱེད་རང་ཞི་འཇམ་དང་ལྷིང་འཇགས་ཀྱིས་ང་ཚོ་དང་གཏན་དུ་གྱེས་པ་ནས།  ཨ་མ་ང་ཚོའི་འཇིག་རྟེན་དེ་སྐད་ཅིག་ཉིད་དུ་སྨུག་ཀློང་གིས་བསྒྲིབས་པ་སྟེ། བརྟན་བརླིང་གི་བྲག་རི་ཉིལ་བ་ནང་བཞིན། ང་ཚོའི་འཚོ་བ་ལ་ཁ་ཕྱོགས་མེད་པར་གྱུར། མཚོ་ཆེན་ཞིག་འཁྱགས་པས་བསྡམས་པ་ཇི་བཞིན།  ང་ཚོའི་ཁྱིམ་གཞིས་ལ་དྲོད་ཁོལ་མེད་པར་གྱུར།

6

ཨ་ཕ་མེད་པའི་ལོ་ཟླ་ནི།  རྫ་མཐར་འཁྱམས་པའི་ཤེའུ་ཞིག་གི་སྐྱིད་སྡུག་སྟེ། དགུན་གསུམ་གྱི་གྲང་རེག་རྒོད་དུས་དྲོད་འཇམ་གྱི་ཉི་འོད་འཚོལ་མཁན་མེད་ལ།  དབྱར་གསུམ་གྱི་ཚ་སྡུག་ཆེ་དུས་བསིལ་འཇམ་གྱི་བསེར་བུ་སྐྱེལ་མཁན་ཡང་ག་ལ་ཡོད། ཨ་ཕ་ནི་ང་ཚོ་མིང་སྲིང་ཚོའི་སྐྱིད་སྡུག་གི་མགོན་སྐྱབས་གཅིག་པུ་ཡིན་པས།  ང་ཚོས་མགོན་སྐྱབས་མེད་པའི་ལོ་ཟླ་དེ་ཅི་ལྟར་འཁྱོལ།  ཨ་ཕ་ནི་ང་ཚོ་བྱིས་པ་ཚོའི་ཕུགས་བསམ་སྐྱེལ་མཁན་གྱི་གྲུ་གཟིངས་དེ་ཡིན་པས།  ང་ཚོས་གྲུ་གཟིངས་ནུབ་པའི་མཚན་མོ་དེ་ཅི་ལྟར་བརྗེད།

7

ཨ་ཕ་ལགས།  ཁྱེད་ཉིད་ཕེབས་རྗེས་ཀྱི་ལོ་ཟླ་རིང་མོ་དེའི་ལྟེབ་གཉེར་རེ་རེ་ནི།  ཁྱིམ་གཞིས་ཆུང་ཆུང་ཞིག་གི་དྲོད་ཁོལ་སེམས་ཀྱིས་སྲུང་བའི་ཨ་མའི་གདོང་གི་གཉེར་མ་རེ་རེ་ཡིན་ལ།  ཁྱེད་ཉིད་གཤེགས་པའི་དུས་ཚིགས་གྲང་མོ་དེའི་ཉིན་མཚན་རེ་རེ་ནི།  ཕུ་ནུ་མིང་སྲིང་ཚོས་བརྩེ་བ་མེ་རུ་སྒྲོན་པའི་དྲན་གདུང་གི་མཆོད་མེ་རེ་རེ་ཡིན་ལགས།  ཨ་ཕ་ཡ།  ཁྱེད་ཉིད་ཕེབས་ཤུལ་གྱི་སྦྲ་ནག་ཆུང་ཆུང་རླུང་གིས་སྐྱོད་ཐེངས་རེར། ང་ཚོས་མཚན་མོ་ཞིག་གི་རིང་ཚད་མིག་ཆུས་འཇལ་ཅིང་། ཁྱེད་ཉིད་བཞུད་ཤུལ་གྱི་ལུག་ཁྱུ་གཉོམ་པོ་སྤྱང་ཀིས་བདའ་ཐེངས་རེར།  ང་ཚོས་ཉིན་མོ་ཞིག་གི་མགོ་རྔ་སྔངས་སྐྲག་གིས་མཐུད།

8

ཀྱེ་ཀྱེ།  དྲིན་ཆེན་གྱི་ཕ་མ་ནི་དགུང་ཁ་ཡི་ཉི་མ་ཡིན་པས། ང་ཚོས་ཉི་མ་ནུབ་རིར་མ་ཡལ་གོང་དུ་དེའི་དྲོད་ཁོལ་དང་བདེ་སྐྱིད་རྟོགས་དགོས་ལ།  བྱམས་ལྡན་གྱི་ཕ་མ་ནི་མཚན་ལྗོངས་ཀྱི་ཟླ་འོད་ཡིན་པས། ང་ཚོས་ཟླ་བ་སྒྲ་གཅན་གྱིས་མ་བཟུང་སྔོན་དུ་དེའི་བསིལ་འཇམ་དང་འོད་སྣང་ཚོར་དགོས་ཏེ། ཉི་མ་ནུབ་ཤུལ་གྱི་སྨག་རུམ་དེ་ཧ་ཅང་སྟུག་པས་ང་ཚོས་ཐོག་མ་ཉིད་ནས་ཚོར་བ་དེར་ཚོད་དཔག་དང་སྟ་གོན་བྱ་དགོས།  ཟླ་བ་ཡལ་ཤུལ་གྱི་མཚན་མོ་དེ་ཤིན་ཏུ་རིང་བས་ང་ཚོས་ཡིན་གཅིག་མིན་གཉིས་དུས་ཚོད་འདིར་དམ་འཛིན་དང་གཅེས་སྤྲས་བྱ་དགོས་ཨང་།

9

ཕ་མ་དང་ཕུ་ནུ་ལྷན་འཛོམས་ཀྱི་བདེ་སྐྱིད་ནི་བདེ་སྐྱིད་ཀྱི་ཡང་རྩེ་ཡིན་ལ།  ཁྱིམ་མི་དང་ནད་མེད་ཚེ་སྲོག་གི་བདེ་ཐང་ནི་བདེ་ཐང་གི་རྩེ་གྲས་ཡིན་པས། ང་ཚོས་ངེས་པ་དོན་གྱིས་བདེ་སྐྱིད་ཀྱི་རྩ་བ་དེ་རྟོགས་དགོས།  ང་ཚོས་རང་སེམས་རྣལ་མས་བདེ་ཐང་གི་ངོ་བོ་དེ་འཚོལ་དགོས་པས།  སྟོབས་འབྱོར་དང་དབང་ཐང་དེ་མེད་ཀྱང་རུང་ལ།  མཚན་སྙན་དང་གཟི་བརྗིད་དེའང་གཡུགས་ཀྱང་མི་སྐྱོན་ཏེ།  རང་ཁྱིམ་ཆུང་ཆུང་གི་བདེ་སྐྱིད་ལས་ལྷག་པ་གང་ཞིག  ཚེ་སྲོག་གསོན་པོ་ཡི་བདེ་ཐང་ལས་གཙོ་བ་ག་རེ།

10

ཀྱེ་ཧུད། དྲིན་ཆེན་གྱི་ཨ་ཕ་ལགས། ཁྱེད་ཉིད་ཕེབས་ཤུལ་གྱི་ང་ཚོ་ལ་སེམས་ངལ་ཤིན་ཏུ་ལྕི་སྟེ།  ཁྱིམ་གཞིས་ཆུང་ཆུང་འདིའི་སྐྱིད་སྡུག་གི་སླད་དུ་མི་ཚེ་སྤང་ཐང་དང་ཕྱུགས་མཐའ་ནས་བསྐྱལ་པའི་ཁྱེད་ནི་ང་ཚོའི་གནམ་སྔོན་པོ་ཡིན། ཁྱེད་ཉིད་བཞུད་ཤུལ་གྱི་ང་ཚོ་ལ་ནོངས་འགྱོད་ཧ་ཅང་ཆེ་སྟེ།  ང་ཚོ་མིང་སྲིང་ཚོའི་ཕུགས་འདུན་གྱི་ཆེད་དུ་ཚེ་སྲོག་གངས་འདབས་དང་ལྷགས་རླུང་ཁྲོད་ཟད་པའི་ཁྱེད་ནི་ང་ཚོའི་ས་དོག་མོ་ཡིན་པས། ང་ཚོ་ལ་སེམས་ངལ་ལྕི། ང་ཚོ་ལ་ནོངས་འགྱོད་ཆེ་སྟེ།  ཁྱེད་ཀྱིས་དཀའ་སྡུག་གིས་བསྐྲུན་པའི་བུ་ཕྲུག་གི་བདེ་སྐྱིད་དེ་རོལ་མ་ཐུབ་ལ།  ཁྱེད་ཀྱིས་ལྷག་བསམ་གྱིས་བསྐྱངས་པའི་བུ་མོ་ཡི་བྱམས་སྐྱོང་དེའང་མྱོང་མ་ཐུབ་པས།  བདག་གིས་ཁྱེད་ཉིད་དྲན་པའི་དྲན་གདུང་ནི་རི་རབ་ལས་ལྕི།  རྒྱ་མཚོ་ལས་ཟབ།  གཙང་བོ་ལས་རིང་ཡ།  བདག་གི་དྲིན་ཆེན་གྱི་ཕ་རྒན་ལགས།


གསལ་བཤད་ཕྲན་བུ།

ད་ལོའི་ཡབ་ཀྱི་དུས་ཆེན་ཏེ།  སྤྱི་ལོ2016ལོའི་ཟླ6པའི་ཚེས19ཉིན་སྐད་ཕྲན་བར་སྟོང་སོགས་སུ་གྲོགས་པོ་མང་པོ་ཞིག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རང་ཉིད་ཀྱི་དྲིན་ཆེན་ཨ་ཕར་དུས་ཆེན་གྱི་རྟེན་འབྲེལ་ཞུ་སྐབས།  རྐྱེན་ངན་ཞིག་གིས་དྲིན་ཆེན་ཕ་རྒན་ལོ་འཁོར་དགུའི་སྔ་རོལ་ཏུ་གཤེགས་པའི་རང་ཉིད་ལ་ཚོར་བ་སྨྲ་བརྗོད་ལས་འདས་པ་ཞིག་བྱུང་ཞིང་།  རྩོམ་ཐུང་འདི་ནི་གནས་སྐབས་དེའི་རང་ཉིད་ཀྱི་སེམས་འགྱུ་དངོས་མ་ཇི་བཞིན་ཡིག་ཐོག་ཏུ་ཕབ་པ་ཙམ་མོ།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།