ཀྲུང་གོ་བོད་ཀྱི་དྲ་བ།

ལོ་མ་སེར་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསང་བསོད་དོན།    སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོན་ཁ་སླེབས་བྱུང་། སྤྲིན་དཀར་ནི་ཅི་འདྲའི་མཐོ་ལ་ནམ་མཁའ་ནི་ཆར་གྱི་རྒྱུན་གྱིས་བཀྲུས་པ་ལྟར་རབ་དྭངས་དྲི་མེད་པར་གྱུར།

ཆུ་བོ་རྣམས་ཀྱང་ཨིནྡྲ་ནཱི་ལའི་ཁུ་བའི་རྒྱུན་ལྟར་རྙོག་པ་མེད་པར་གྱ་གྱུར་འབབ།  ནེའུ་གསིང་གི་ལྗོངས་ཐམས་ཅད་ཀྱང་གསེར་ཞུན་གྱི་ཁུ་བས་བྱུགས་པ་ལྟར་གྱུར།  ཁྲུང་ཁྲུང་དཀར་མོའི་ཚོགས་རྣམས་ས་སྲོད་ཀྱི་མགྲིན་དབྱངས་མཉམ་གཅིག་ཏུ་བཏེགས་ཏེ་ལྷོ་མོན་ཕྱོགས་སུ་འཕུར་གྱིན་གདའ། ཤུལ་དུ་ལུས་པའི་རི་བོ་དང་གཙང་བོ།  ར་བ་དང་ཁང་ཁྱིམ།  སློབ་རའི་ཁོར་ཡུག་གི་ནགས་ཚལ་བཅས་སུ་བྲལ་གདུང་གི་མནར་བའི་སེར་ཐིག་ཁུར་ཏེ་འཚིག་པ་གྱིན་གདའ།

རླུང་བུས་ལོ་མར་འགྲམ་ལྕག་ཡང་ཡང་བཞུས་ཏེ་ས་གཞིའི་གདོང་དུ་ངུ་ཤུམ་ཤུམ་གྱིས་འབབ་ཀྱིན་གདའ།འདི་དག་ཡོད་ཚད་ནི་རང་བྱུང་ཁམས་ཆེན་མོའི་ངོ་གདོང་ཙམ་ལས་ཡ་མཚར་བ་དགོས་པ་ཞིག་གཏན་ནས་མ་རེད་སེམས།   དོན་ངོ་མར་ཡ་མཚར་དགོས་པ་ཞིག་ནི་ཡུན་རིང་སྒུག་དྲགས་པས་ཁྱེད་ཀྱི་ཐྲིག་ཐྲིག་གི་གོམ་སྒྲ་དེར་གྲགས་འགུལ་ཅི་ཡང་མེད་པ་འདི་ཅི་རེད།   ནམ་རྒྱུན་ལྷོ་ནས་བྱང་དུ་བགྲོད་པའི་སྲ་སྲོད་ཀྱི་མཚམས་སྤྲིན་དང་ཞོགས་པའི་སྐྱ་རེངས་བཅས་སུ་ལག་པ་ཐོད་པར་བཞག་ནས་ཁྱེད་ཕྱོགས་སུ་ཅི་ཙམ་བལྟས་མོད་དེ་ཙམ་གྱིས་མཐོང་བ་མ་བྱུང་།    མཐའ་མར་ས་སྲོད་ཀྱི་གྲིབ་གཟུགས་ལ་ཁེན་པའི་སྟོར་རྒན་ཁེར་རྐྱང་དེའང་ཁྱེད་ཨེ་ཡིན་པར་སེམས།

ཞོགས་པའི་ཉི་ཟེར་རྒུམ་པའི་བྱ་ཁྱུའི་ཁྲོད་དུའང་ངས་ཁྱེད་ཉིད་བཙལ་བཙལ་མཐར་ཁ་སང་གཉིད་དུ་ཤོར་ཞིང་དེ་རིང་ལག་སྟོང་གྱུར་བའི་ཨ་བྲ་ནང་བཞིན་ཅི་ཡང་རྙེད་པ་མ་བྱུང་།  ཁྱེད་ཉིད་དྲན་ཐེངས་རེར།  ངས་འུ་གཉིས་ཉེ་སྔོན་འགྲོ་མྱོང་སློབ་རའི་ལྗོན་གསེབ་ཏུ་སོང་སྟེ།  ཁྱེད་ཀྱི་རྐང་རྗེས་ཡང་ཡང་བཙལ་མོད་རླུང་བུ་ཁོག་ནག་ཞིག་གིས་སྔ་མོ་ནས་བསུབ་ཚར། མཐའ་མར་དབེན་ཐང་ཐང་གི་སྲ་སྲོད་འདིར་བྲང་གཞུང་བརླན་ཏེ་མིག་ཆུ་ཁྱོར་བ་གང་གཅལ་སེ་ཐང་ལ་ལྷུང་ཞོར། ཡིད་ལ་གསལ་ལེར་ཤར་བ་ནི་མཚན་མོ་དེར་ཁྱེད་ཀྱིས་ང་ལ་བསྐྱུར་བའི་སྐད་ཆ་མནོག་མོ་དེ་དང་ནམ་ཡང་བརྗེད་པར་དཀའ་བའི་དགའ་སྐྱོ་ཟུང་གི་མཆུ་འདབ་ཡངས་མོ་དེ་ཡིན།

ཨ་ཁ་ཁ། ད་ནི་སྨྲེང་ཡུས་ཀྱི་སྨུག་སྤྲིན་སློབ་གླིང་ལ་ཁྱབ་མོད་ཁྱེད་ལ་ཁག་མེད་ཟེར་མཁན་གྱི་མི་བུ་གཅིག་ཀྱང་མ་བྱུང་།    མྱ་ངན་གྱི་མཚོ་མོ་དྲག་ཏུ་འཕྱུར་ལ་དགུང་དུ་འཁྱོམ་མོད་ཁྱེད་སྙིང་མ་རྗེ་ཟེར་མཁན་གྱི་མི་བུ་གཅིག་ཀྱང་མ་བྱུང་། འདི་ལྟར་སྟོན་མཇུག་གི་ཁ་ཆར་འདྲེས་མའི་ས་གཞི་ཡོངས་སུ་བརླན་པའི་དགོང་ཁ་འདིར།  རྐང་ལམ་གྱ་མ་གྱོག་དེར་བསྡད་བསྡད་དེ་འཁང་ལ་ཁད་ཙམ་གྱི་དུས་ཤིག་ཏུ་གཞི་ནས་མལ་ཁང་དུ་ལོག་པས་དུས་ལ་སླེབ་པ་ཤེས་སོང་། གོམ་འགྲོས་འཁྱར་མ་འཁྱོར་ཤིག་གི་ངང་ནས་སྐྱོ་ཡུས་དང་སྡུག་ཡུས་ཡོད་ཚད་ལྗིད་ཏིག་ཏིག་གིས་འཁུར་གྱིན་མལ་ཁང་དུ་ལོག  མལ་ཁང་དུ་སླེབས་རྗེས་ཁྱེད་ལ་ཁ་པར་ཡིད་ཚིམ་པ་ཞིག་གཏོང་འདོད་མོད།    ནམ་རྒྱུན་ཕན་ཚུན་བར་ལ་ཁ་གསང་ཁོག་གསང་ཅི་ཡང་མེད་པར་སྙིང་གཏམ་ཚང་མ་བླུགས་ཆོག་སའི་གྲོགས་པོ་ཁྲག་ལྡེའུ་མཆོག་གིས་གཏོང་ཉན་ནི་མ་རེད། ཁོ་མོ་ནི་སྐྱེས་པ་གཞན་ཞིག་གི་ཆུང་མ་དང་ཁྱིམ་ཚང་གཞན་ཞིག་གི་གཞི་འཛིན་བདག་མོར་གྱུར་ཟིན་ཞེས་བརྗོད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།