ཀྲུང་གོ་བོད་ཀྱི་དྲ་བ།

ལོང་བ་ཞིག་གི་ཆིག་ལབ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐོ་དམའ་མི་སྙོམས་པའི་ལམ་ཕྲན་དེའི་ཁུགས་སོ་རུ། གོམ་པའི་འདེགས་འཇོག་ལ་ཡ་ཡོ་ཤོར་ནས་རྐང་སྙོབ་ལག་སྙོབ་སྒོས་མདུན་ཕྱོགས་སུ་དལ་མོར་སྐྱོད་དུས། ཁྱེད་ཀྱིས་སྙིང་འཕྱས་ཀྱི་མཚང་མིང་སྡུག་པོ་ཞིག་གིས་ང་ལ་མི་འདོད་པའི་ཚིག་མཚོན་འདེབས་ཀྱང་སྲིད། དབྱིབས་ཟར་མའི་མེ་ཏོག་ལྟ་བུའི་ཁྲ་ཆུང་མིག་ཟུང་གི་ནུས་པ་ཤོར་ཏེ། མགོ་བོ་དུད་ནས་ཐོས་འཛིན་སྒོ་མོར་དྲག་ཞན་གྱི་སྒྲ་དབྱངས་སྡུད་དུས། ཁྱེད་ཀྱིས་ངའི་ལས་དབང་ལ་ཤུགས་རིང་འབྱིན་ཞོར་བྱམས་བརྩེའི་ཕྱག་ཟུང་རྐྱོང་ཡང་སྲིད། གང་ལྟར་ཡང་། ང་ནི་འཇིག་རྟེན་དུ་གསོན་ཡང་མི་གྲལ་དུ་མི་ཐེ་བའི་མིག་ཟུང་ཞར་བའི་དབང་པོ་སྐྱོན་ཅན་ཞིག

སྔོན་བསགས་ལས་དབང་གི་བཀོད་སྒྲིག་བཙན་པོས་ངའི་ཉམ་ཆུང་བའི་ཚེ་སྲོག་ཕྲ་མོ་འཁྱག་སིབ་སིབ་ཀྱི་འཇིག་རྟེན་འདིའི་ཡོལ་གོར་དལ་འབྱོར་མི་ལུས་ཐོབ་པའི་སྐལ་བ་ཤར་ན་ཡང་། དགུན་གཞུང་ལྟ་བུའི་འཁྱག་སིབ་སིབ་ཀྱི་ངའི་མི་ཚེར་ནམ་ཡང་དབྱར་གཞུང་ཡོད་མ་མྱོང་། དེ་ནི་ལས་བསམ་སར་མ་སོང་གསེག་སར་སོང་། རྡོ་གཡའ་མའི་གས་ཁ་འཕྲེད་དུ་སོང་བའི་འབྲས་རྟགས་སུ་གྲུབ་པས། ངས་རང་ཉིད་ལ་འཁང་རའི་མདུང་རྩེ་ནང་དུ་བསྐོར་མ་མྱོང་ཞིང་། ཞེ་སྡུག་པའི་མཆི་མའི་ཐིགས་ཕྲེང་ཡ་ཆུང་བྲང་ཁོག་ཏུའང་སྦས་མ་མྱོང་།

མཛེས་སྡུག་ལྷུན་གྱིས་གྲུབ་པའི་ལྗང་མདོག་གི་འཇིག་རྟེན་གཟིགས་སྐལ་དུ་མི་སྨིན་ཡང་། དབང་ཤེས་སྦྲིད་ལ་ཁད་ཀྱི་སྣ་ཚོགས་མེ་ཏོག་གི་དྲི་ཞིམ་བསུང་ངད་ཁད་ཀྱིས་ཚོར་བས། ངས་ངོ་མཚར་ཡིད་འཕྲོག་གི་མེ་ཏོག་མ་མཐོང་བའི་སྡུག་བསྔལ་ཁྱོན་ནས་སྐྱེས་མ་མྱོང་། ངས་གཡུ་མདོག་མཚོ་མོའི་དྭངས་ཤ་དང་ཡངས་ཤིང་ཁོད་སྙོམས་པའི་ཀློང་ཡངས་སུ་མཆོང་གར་རྩེན་པའི་རང་དབང་གི་གཤོག་དྲུག་ཉ་མོའི་འགྱུ་སྟབས་མི་མཐོང་ཡང་། དྭངས་གསལ་མཚོ་མོའི་བཞུར་དབྱངས་ལས་སྒྲ་དབྱངས་ལྷ་མོའི་སྙན་འགྱུར་གྱི་ཡང་རྩེ་ཐོས་འོངས་པས། ངས་རྒྱ་ཁྱོན་གྱིས་བཏང་བའི་མཚོ་མོའི་མཛེས་པ་མ་མཐོང་བའི་སྡུག་བསྔལ་གདོད་ནས་སྐྱེས་མ་མྱོང་། ངས་ཚང་ཚིང་གཡུ་ལོ་བཀོད་པའི་ལྗོན་ཚལ་ནས་ཡལ་གར་འཕྱང་བའི་ཐ་དད་པའི་ལོ་མའི་གཟུགས་རིས་ཀྱི་རྣམ་པ་མི་མཐོང་ཡང་། འདབ་ལོ་སྡེབ་པའི་དགའ་དགོད་ཀྱི་ཤག་སྒྲ་སྣ་ཚོགས་ལས་ནགས་ཚལ་ཕྱུག་མོའི་ལྗང་མདོག་ཐོས་ཡོང་བས། ངས་དགུང་སྔོན་དབྱིངས་སུ་ཟུག་པའི་ནགས་ལྗོན་གྱི་འགྱིང་སྟོབས་མ་མཐོང་བའི་སྡུག་བསྔལ་སྔོན་ནས་སྐྱེས་མ་མྱོང་།

ཡུན་ཐུང་མི་ཚེ་འདིར་ང་རང་ཁྱེད་ཚོ་དང་གཏན་ནས་མི་འདྲ་བར་མིག་ཟུང་ལྡོངས་པའི་ལོང་བ་ཞིག་གི་སྐྱེ་བ་བླངས་རུང་། ངའི་སེམས་ཁོང་དུ་ནམ་ཡང་མུན་པ་འཇིལ་བའི་འོད་ཀྱི་སྣང་བས་ཡོངས་སུ་དཀྲིགས་ཡོད་པས། ངའི་མིག་ལམ་དུ་ལོ་ཟླའི་བཞུར་འགྲོས་ཤང་ཤང་དུ་རྒྱུ་ཡང་། ཁ་སང་དང་དེ་རིང་གི་སྐྱིད་སྡུག་ལ་ཆེ་ཆུང་དབེན། ཐ་ན་ཉིན་མཚན་དབྱེར་མེད་ལ་ངས་ཁྱེད་ཚོའི་ལྷམ་པ་དང་ཟླུམ་པོ། ཕྱ་ལེ་བ་ལྟ་བུའི་རང་གཟུགས་མཐོང་སྐལ་དཀོན་པ་ལས་གཞན། རང་ཉིད་ཀྱི་གཟུགས་རིས་རང་ལ་ལྐོག་ཏུ་གྱུར་མོད། འོན་ཏེ་ངས་གསེར་མདོག་གི་ཉི་གཞོན་འཕགས་པར་ངང་སྒུག་ཁྱོན་ནས་བྱེད་མི་སྲིད།

ཕྱི་རོལ་གྱི་ཁྲ་ཁྲའི་འཇིག་རྟེན་ལས་ཁྱེད་ཚོར་དགའ་སྐྱོའི་སེམས་ཁམས་ཅི་ཡང་སློང་སྲིད་མོད། ངའི་དྭངས་གཙང་གི་སེམས་པའི་རྩིག་ལྡེབས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་དག་རང་དབང་གི་ཁྲོད་ནས་རྟོག་བཟོ་སྣ་ཚོགས་བྱས་ཆོག་པ་ངའི་གདམ་ག་རུ་གྲུབ་ཡོད། ཡང་ན་མདོག་མི་འདྲ་བའི་ཁ་དོག་གཞན་ཞིག་གོ། ། མིག་གི་དབང་པོ་ཉམས་པ་ནས་བཟུང་ངས་རང་ཉིད་ལ་བྲིས་པའི་འཇིག་རྟེན་ཆུང་ཆུང་འདི་ལས་རིང་དུ་བརྒལ་འདོད་ཀྱི་འདོད་ཧམ་སྐྱེས་མ་མྱོང་ལ། སེམས་པའི་འཁོར་ཕྱོགས་ཀྱིས་གནམ་རྒན་མར་ལེ་བདའ་བྱས་ཏེ་འོད་སྣང་མཐོང་བའི་སྨོན་འདུན་དང་རེ་ཞུའང་བརྒྱབ་མ་མྱོང་།

ཁྱེད་ཚོས་ངའི་མིག་གི་དབང་ཤེས་ཉམས་པས། པད་མོ་ལྟ་བུའི་འཛུམ་མདངས་དང་འགུལ་རིས་ལྟ་བུའི་ཉམས་འགྱུར་མཐོང་མི་སྲིད་ཟེར་མོད། ངའི་སེམས་དབུས་སུ་རྟག་པར་ཆུ་བུར་གྱི་མིག་ཟུང་ལྡན་པས། ཁྱེད་ཀྱི་འཇིག་རྟེན་དུ་མཚམས་མི་ཆད་པའི་དགའ་སྐྱོ་ཆགས་སྡང་གི་དབུགས་འབྱིན་རྔུབ་ཀྱི་སྒྲ་དབྱངས་ཐོས་པའི་ཁར། ཡུན་གྱིས་འགྲིལ་བའི་མཁུར་གོང་གི་མིག་ཆུའང་གསལ་པོར་རིག་མོད། ཡིན་ཙང་ཆགས་སྡང་གི་དབྱེ་བ་མི་གསལ་བའི་ངའི་འཇིག་རྟེན་ཆུང་ངུར་བདེ་བ་ཆུང་ཆུང་ཞིག་གི་གསང་རྒྱ་སེམས་ཀྱི་གད་སྐྱིབས་སུ་སྦས་ཡོད་པ་སུས་ཚོར་ཨང་།

ཁྱེད་ཚོ་ཁོམ་ལོང་ཅུང་ཡོད་ཚེ། གོས་ཐུམ་གྱིས་མིག་ཟུང་གི་མཐོང་ལམ་བསྒྲིབས་ཏེ་རྩེད་འཇོར་རོལ་ནས་དགའ་མགུ་མཉམ་དུ་བསྐྱེད་ཀྱང་། ཡུན་ཐུང་དར་ཅིག་གི་ལོང་བའི་ཚུལ་འཆོས་ཀྱིས་ཁྱེད་ལ་མུན་པའི་སྐྲག་སྣང་འཇིགས་ཡེར་བ་ཞིག་སྦྱིན་ཨེ་ཐལ། དེ་ནི་གནས་སྐབས་ཙམ་གྱི་འཇིགས་སྐྲག་རེད། ཕ་བླ་མའི་མདུན་དུ་འོན་པ་སྡུག ། མཚར་ལྟད་མོ་ལྟ་དུས་ལོང་བ་སྡུག །ཅེས་པ་ལྟར་ང་ཚོ་མིག་དབང་ཉམས་པའི་ལོང་བ་དག་གིས་ད་གཟོད་ཉི་མ་སུམ་བརྒྱ་དྲུག་ཅུར་མུན་པའི་འཇིག་རྟེན་གྱི་གཞི་ཁྱོན་དང་འཇིགས་སྔངས་ཞིབ་མོར་རྟོགས་འོང་།

མི་ཚོགས་ཀྱི་རྦ་རླབས་འཕྱུར་སའི་གྲོང་ཁྱེར་གྱི་བཞི་མདོ་རུ། སྣ་ཚོགས་རོལ་ཆས་ཀྱི་འབུད་རྡུང་ཁྲོད་དུ་གཞས་གདངས་ལ་འགྱུར་ཁུགས་དབེན་པའི་ཨུ་ཚུགས་ཀྱི་ཀློང་ན་སློང་མོ་བའི་བརྟུལ་ཞུགས་འཆང་བ་ནི་ངའི་ལས་དབང་དུ་བསམ་མོད། ང་ཚོར་མཚོན་ན་དེ་ནི་བདེ་སྐྱིད་ཀྱི་ཁ་དོག་མི་ཡུལ་ལ་འབུལ་བའི་བཤམས་སྟོན་བྱེད་སྟངས་ཤིག ཡང་ན་མིག་ཟུང་ལྡོངས་པའི་ཞ་ར་རེ་འགས་མངོན་སུམ་ལུང་བསྟན་གནང་བའི་མོ་རྡེའུ་ཡི་ཧྲག་སྒྲའི་ཁྲོད་ན་འབྱུང་འགྱུར་བདེ་སྐྱིད་ལ་ལམ་ཁ་སྟོན་པའི་སྦྱོར་བ་ཙམ་རྩོམ་དུས། ང་ཚོར་མཚོན་ན་དེ་ནི་མི་རྟག་འཇིག་རྟེན་ལ་རྒྱུ་འབྲས་སློང་བའི་དྲན་སྐུལ་གྱི་ཅོང་བརྡ་སྒྲོག་སྟངས་ཤིག

འཇིག་རྟེན་འདིའི་གྲུ་ཁ་རུ་བཟློག་ཐབས་མེད་པའི་ངའི་ལས་དབང་ལ་སུས་ཀྱང་དོ་སྣང་མི་བྱེད་མོད། སྦྱིན་པའི་དད་པ་གཙུག་ཏུ་བཀུར་བའི་རྒྱལ་པོ་ས་སྐྱོང་གི་རྒྱལ་བུ་དྲི་མེད་ཀུན་ལྡན་ལྟ་བུའི་སྐྱེས་ཆེན་དམ་པ་རེ་འགའ་ད་ལྟ་ད་དུང་མི་ཡུལ་དུ་བཞུགས་པའི་སྐལ་བ་ཅུང་ཙམ་ཤར་ཚེ། ཁོང་རྣམ་པའི་སྤྱན་ཟུང་སྐར་ཆེན་འདྲ་བོ་དག་ང་ཚོ་མིག་དབང་ཉམས་པའི་ལོང་བ་ཚོར་ཕངས་མེད་དུ་སྦྱིན་པའི་གདེང་ཐོབ་པ་ཡིད་ཆེས་ཟབ་མོ་ལྡན། དེ་བས་ཀྱང་གནམ་རྒན་མས་ང་ལ་ཡང་བསྐྱར་གླགས་བཟང་པོའི་གདམ་གསེས་ཀྱི་གོ་སྐབས་ཐེངས་ཤིག་སྤྲད་ཚེ། ངས་དུས་ཚོད་ཀྱི་མདའ་རྩེ་ཕྱིར་བསྐུམས་ཏེེ་སྐྱེ་བ་སྔོན་མའི་འདས་སོང་གི་དབྱར་གཞུང་ལ་སླེབས་ནས་ཁྲ་ཆིལ་དགུ་ཆིལ་གྱི་ཕྱིའི་སྣོད་ཀྱི་འཇིག་རྟེན་ལ་མིག་ཟུང་དར་ཅིག་གཡར་བས་ཆོག་གོ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།