བཞུ་སྦྱང་བྱས་པའི་ཞུན་མ།

—《མོའུ་ཞེའུ་ལགས། བདེ་བར་བཞུད་ཅིག》བཀླགས་རྗེས།    

དེབ་ཀྱི་ཁ་བསུམས་ཀྱང་། བཀླགས་རྗེས་ཀྱི་བག་ཆགས་རྫས་དུད་མ་འཁྲིགས་ཤིང་རྒྱལ་ཕམ་མི་གསལ་བའི་གཡུལ་འགྱེད་ཅིག་གིས་བསྐྱེད་པའི་ཟུག་རྔུ་བཞིན་ཡིད་ངོས་ནས་ཡལ་ཐབས་མི་འདུག

གཞིས་ཀའི་བདག་པོས་བྲན་གཡོག་གི་ཆུང་མ་བདག་གིར་བཟུང་བ་ནས་ཉོན་མོངས་ཀྱི་མེ་ཕུང་གང་དགར་འབར་བར་བྱས་པ་སྟེ། དེ་ལ་སྐྱེས་པའི་བུ་མོ་རང་གི་ཤ་ལས་ཆད་པ་ཡིན་ན་ཡང་། ལོག་པར་གཡེམ་ཞིང་ལོག་གཡེམ་སྤྱད་པའི་མཐུས་ལན་ཆགས་ཀྱི་ས་བོན་ཞིག་འདེབས་མགོ་བརྩམས། ཕྱིས་སུ་གཞིས་ཀའི་བདག་པོ་ལོ་ཟླའི་ཆར་རླུང་ཁྲོད་སྡོང་རྒན་གོག་པོ་བཞིན་འགྱེལ་མོད། དེའི་ཚ་བོ་དང་ཡང་ཚ་རྣམས་སྡོང་པོའི་ཡལ་ག་བཞིན་ཕྱོགས་དང་ཕྱོགས་སུ་རྒྱས། ཡིན་ཡང་ལོག་གཡེམ་གྱི་རྣམ་པར་སྨིན་པའི་འབྲས་བུ་ལ། མཐའ་མར་ཡང་ཚ་དང་ཡང་ཚ་གཉེན་སྡེབ་པའི་འཇིག་རྟེན་གྱི་ལུགས་དང་ལྡོག་པའི་སྨྱོ་གར་དེ་མཐོང་བའི་མོད་ལ། 《ལོ་བརྒྱའི་ཁེར་རྐྱང》ནང་གི་ཆེས་མཐའ་མའི་ཁྱིམ་འཛིན་ལ་སྔོན་མའི་ལོག་གཡེམ་ལས་ཕག་གི་མཇུག་མ་སྐྱེས་ཤིང་། དེ་ནི་མི་རིང་གྲོག་མའི་ཟས་སུ་གྱུར་ལ། ས་འགུལ་ཞིང་རླུང་གཡོ་བའི་རྡུལ་འཚུབ་ཁྲོད་ཁྱིམ་རྒྱུད་ཅིག་འཇིག་པའི་ཚུལ་དབང་མེད་དུ་དྲན་འོང་། ཀློག་པའི་མི་ཕངས་པ་ཤོར་ཞིང་འཇིགས་པ་ཞིག་མུན་པ་བཞིན་ལུས་སེམས་སུ་འཐིབས་འོང་ལ། འཇིག་རྟེན་གྱི་དར་རྒུད་དང་། ཆག་འཇིག ད་དུང་དུས་འགྱུར་གྱི་ཤེད་ཤུགས་སོགས་ལ་བློ་ནི་ཡང་ཡང་འཁོར་བར་བྱས།

དེ་བས་ཀྱང་ཚེ་སྲོག་གིས་བརྟས་པའི་མི་སྣ་དེ་ཚོ་དྲན་པས་མ་བརྗེད་པར་ལུས་ངག་དང་སེམས་འགྱུ་བཅས་སྔར་བཞིན་གསོན་པོར་འགུལ་ཞིང་གྲག་གིན་འདུག གླེན་པ་ནག་ལྟིག་གིས་ཆུང་མ་དུར་དུ་སྦས་སྐབས་ད་དུང་འཇིག་རྟེན་འདི་ན་ཡོད་ཡོད་སྙམ་སྟེ། དུར་ལས་སུས་ཀྱང་མ་ཁོགས་པར་ཁྱིམ་དུ་སྨྱོ་རྒྱུག་བྱས། འདས་པོ་འཇིག་རྟེན་དུ་གསོན་པའི་འཕྲུལ་སྣང་གིས་གོམ་པ་མདུན་དུ་བཏུད་ལ། ལག་ཕར་ལ་བསྲིངས་པའི་འཁྱུད་འདོད་དེ་རིག་པ་རྟུལ་ཡང་ཤ་ཁྲག་རུས་རྒྱས་ཀྱི་མི་གསོན་པོ་ཞིག་གི་རྟགས་ཡིན་ལ། ཐོག་ཏུ་རུབ་པའི་བཙོན་གྲོགས་རྣམས་ཧ་ཧའི་བཞད་གད་སྒྲོག་བཞིན་རེ་རེ་སྦར་འཛིན་གྱིས་ཕར་གཡུག་ཚུར་གཡུག་བྱེད་ཚུལ་དེས་བོད་ཡུལ་རྫ་སྐེད་ཀྱི་འབྲོག་དང་རྫ་འདབས་ཀྱི་རོང་གི་སྡེ་བའི་ཁོ་ལག་དར་ཞིང་ཤེ་མོང་ཆེ་བའི་དར་མ་དག་མིག་ལམ་དུ་འཆར་དུ་འཇུག ལྷག་ཏུ་མི་རྒྱུད་ཐ་དད་ཡིན་ཡང་བྲང་གི་ནུ་མ་གཞན་གྱི་ཕྲུ་གུར་འཇོ་བར་བརྩེ་བ་ཆེ་བའི་གཡོག་མོ་དེ་དང་། ལུས་ལ་གྱོན་པ་རྙིང་ཟད་ཅིག་དང་། ལག་གི་ཉི་གདུགས་དང་ཁུག་མ་ཡང་དེ་བཞིན་མདོག་ཡལ་དུ་སྣང་མོད། ཉམས་ཚུགས་མི་འཆོར་བའི་སྐྲ་ལོ་དཀར་བའི་མི་རྒྱུད་ནག་པོའི་བགྲེས་མོ་དེ་ཚོས་འུ་ཅག་ཁ་བའི་ལྗོངས་ཀྱི་མཐའ་བཞི་རྣང་ཞིང་གིས་བསྐོར་བའི་སྡེ་བའི་རུ་བར་དང་མ་ཎི་མཁར་སྒོ་ན་ཁ་མུར་མུར་དང་གཉེར་རིས་ཤིག་ཤིག་གི་བྱམས་བརྩེའི་བཞིན་མདངས་རྣམས་དྲན་འོང་བར་བྱས། དེ་ནི་གླིང་གིས་མ་ཆོད་ལ། རིགས་རྒྱུད་དང་དད་མོས་ཀྱིས་རིས་སུ་མ་བོར་བའི་མི་ཡུལ་གཅིག་མཐུན་གྱི་བརྩེ་བ་དྭངས་མོ་རྩོམ་པ་པོའི་སྨྱུག་ཁ་ནས་ལུད་པ་ཡིན་ཕྱིར། ཡི་གེའི་སོ་ནམ་མཁན་དེའི་བདེན་སྣང་ཡིད་ལ་འགུགས་པའི་སྒྱུ་རྩལ་གྱི་ཞུན་མ་ལ་དད་གུས་སྐྱེས་ཤིང་སྨོན་པ་ཡང་ཡང་ཤོར་རོ། །

མེ་འཁོར་གྱིས་གདོད་མའི་ནགས་ཚལ་གྱི་ཁོང་གསེང་གཤགས་པ་ནི། རྔོན་པའི་ལས་ཀ་མཇུག་བསྡུ་བའི་བརྡ་སྟོན་པ་ཡིན་ལ། གློ་བུར་ལྷགས་པའི་འཕྲུལ་འཁོར་གཏོས་ཆེན་པོ་དེ་ལ་འདྲོགས་པའི་དོམ་ཕྲུག་གཅིག་སྡོང་མགོར་འཛེགས་ཤིང་། མེ་འཁོར་ཕར་ཚུར་ལན་མང་བསྐྱོད་ཀྱང་། དེའི་རིང་ལ་འབབ་མ་ཕོད་པར་སྔར་བཞིན་སྡོང་པོར་འབྱར་བའི་ངང་ཚུལ་དེ་རི་ལུང་གང་ཞིག་ནས་དེ་སྔ་དེ་འདྲ་ཞིག་དངོས་སུ་མཐོང་མྱངས་པ་ལྟར་སྙིང་ནས་བརྩེ་རྒྱུ་ཞིག་འབྱུང་། ནགས་ཚལ་གྱི་དབེན་འཇགས་ནི་སྡེར་ཐོགས་དང་རྨིག་ཐོགས་ཚོའི་ཉམས་དགའི་བསྟི་གནས་ཡིན་མོད། མིའི་རིགས་ཀྱི་བརྐམ་སྲེད་ལ་ཚན་རྩལ་གྱིས་དཔུང་རོགས་བྱས་པས། རི་དྭགས་རྣམས་ཕྱོགས་ཕྱོགས་སུ་བྱེར་ཚེ། ང་ཚོར་གསབ་ཏུ་མེད་པའི་གྱོང་ཆེན་པོ་ཞིག་རེག་ལྟའི་ཕངས་པ་དང་ཟུག་གཟེར་ཞིག་མི་སྐྱེས་སམ།

ལོ་ཟླ་རིང་མོའི་ཉམས་སད་ཐེག་པའི་ཕུལ་བྱུང་བརྩམས་ཆོས་གང་ཞིག་ཡིན་ཡང་དེ་ལ་འགྲེལ་ལུགས་གཅིག་ཏུ་མ་ངེས་དུ་མར་མཆིས་མོད། 《མོའུ་ཞེའུ་ལགས། བདེ་བར་བཞུད་ཅིག》གི་ཡིག་འབྲུའི་གསེང་གི་མི་སྣ་དག་བརྗེད་པར་དཀའ་བ་ནི་རྩོམ་པ་པོས་ཀུན་སློང་རྣམ་དག་སྔོན་འགྲོ་བྱས་འོག སེམས་རྩེ་གཅིག་གཏད་ཅིང་རྣལ་དུ་ཕབ་སྟེ་ལོ་གང་མང་ལ་བཞུ་སྦྱང་བྱས་རྐྱེན་ད་གཟོད་སྒྱུ་རྩལ་གྱི་ཞུན་མ་འདི་གྲུབ་སྙམ་པ་ནི། ཇི་ལྟར་བཀླགས་ན་དེ་ལྟར་དུ་མི་སྣ་དག་ང་ཚོའི་གློ་མཆིན་དུ་གླན་ཆོག་ལ། སྙིང་ལ་ཤིན་ཏུ་ཉེ་བས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།