ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པའི་གཙུག་ལག་འབྲུ་གསུམ་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྣམ་རྒྱལ་གྱིས་བསྒྱུར།

མི་ནི་སྐྱེས་པ་ནས།།

གཤིས་ལ་སྙིང་རྗེ་ལྡན།།

གཤིས་རྒྱུད་ཉེ་ནའང་།།

གོམས་པས་རིང་བར་གྱུར།།


གལ་ཏེ་མ་སློབ་ན།།

གཤིས་ཀྱང་འགྱུར་བར་གྱུར།།

སློབ་སྦྱོང་བྱེད་པའི་ཐབས།།

བློ་རྩེ་སྒྲིམ་པ་གཙོ།།


སྔ་དུས་མིང་ཙིའི་མས①།།

ཁྱིམ་གཞི་ཐེངས་གསུམ་བདམས།།

བུ་ཡིས་མ་སློབ་ཚེ།།

ཐག་རྐན་བཅད་པར②བྱས།།


ཡན་ཧྲན་ཏུའུ་ཡུ་ཅུན③།།

སློབ་གསོའི་ཐབས་ལ་མཁས།།

བུ་ལྔ་སྐྱོང་བ་ལ།།

ཐམས་ཅད་མིང་གྲགས་ལྡན།།


བུ་རྒྱུད་མ་སྐྱོང་ན།།

ཕ་ཡི་ཉེས་པ་རེད།།

ཁྲིད་ཀྱང་མ་གཟབ་ན།།

བཤེས་ཀྱི་སྒྱིད་ལུག་གོ།


བུ་ཡིས་མ་བསླབ་ན།།

ཧ་ཅང་མི་འཚམ་ལ།།

བྱིས་དུས་མ་སྦྱང་བ།།

རྒན་དུས་ཇི་ལྟར་བྱ།།


གཡང་ཏུ་བཞེངས་མིད་ན།།

ཡོལ་གོར་ཇི་ལྟར་གྱུར།།

མི་ཡིས་མ་སློབ་ཚེ།།

གནས་ལུགས་རྟོགས་མི་འགྱུར།།


སློབ་མར་གྱུར་པ་ན།།

གཞོན་པའི་དུས་ནས་བཟུང་།།

བཤེས་གཉེན་ལ་བརྟེན་ཅིང་།།

མི་ཆོས་གུས་ལུགས་སྦྱང་།།


ཧོང་ཞང④ལོ་དགུ་ཐོག།

ཉལ་ཐུལ་བསྲོ་བར་ནུས།།

ཕ་མར་སྲི་ཞུའི་ཚུལ།།

ཀུན་གྱིས་ལད་མོ་བྱ།།


སྒྱུར་པ་པོའི་མཆན།

① མིང་ཙེའི་མ།རུའུ་ལུགས་པ་ཆེན་པོ་མིང་ཙེའི་མ་ནི་བུ་སྐྱོང་བར་ཤིན་ཏུ་མཁས་ལ།མིང་ཙི་སྐུ་ཆུང་བའི་སྐབས་ཕ་ཚེ་ལས་འདས་པས།

ཁྱིམ་ཚང་ཧ་ཅང་དབུལ་བོར་གྱུར།གཞན་གྱི་ལད་མོ་བྱེད་པར་དགའ་བས་ཁྱིམ་གྱི་འཁྲིས་སུ་དུར་ཁྲོད་ཅིག་ཡོད་པར་མིང་ཙིས་མྱ་ངན་གྱི་གོས་གོན་པ་དང་ངུ་མོ་བྱེད་པར་སློབ་པས་མ་ཡིས་དེར་བསྡད་ན་མི་རུང་བར་དགོངས་ནས་གནས་སྤོས་ཏེ་ཚོང་རའི་མཐའ་རུ་བསྡད།མིང་ཙིས་ཁྱིམ་མཚེས་ཀྱི་ཕག་པ་བཤས་ཏེ་ཚོང་བྱས་པ་མཐོང་འཕྲལ་དེའི་ལད་མོ་བྱས་ཏེ་རིན་གོང་གཏམ་པར་སློབ།མིང་ཙིའི་མ་ཡིས་དེའང་མི་རུང་བར་དགོངས་ཏེ་སློབ་གྲྭ་ཞིག་གི་མཐའ་རུ་གནས་སྤོ་བྱས་པས་མིང་ཙིས་ད་གཟོད་དཔེ་ཆ་འདོན་པར་ཧུར་ཐག་བྱས་སོ།།

②ཐག་རྐན་བཅད་པ།མིང་ཙི་མ་སྨད་ཀྱི་འཚོ་བ་གཙོ་བོ་གཞན་ལ་ཐག་ལས་ཁོ་ན་བརྟེན་འདུགཉིན་ཞིག་ལ།མིང་ཙིས་སློབ་སྦྱོང་ལེགས་པོ་མི་བྱེད་པ་མ་ཡིས་མཐོང་ནས་སྐྱོ་བ་དང་བཅས་ཐག་རྐན་བཅད་དོ།།དེས་མིང་ཙེའི་སེམས་སུ་ཧ་ཅང་གནོད་པར་གྱུར་པས་རྗེས་སུ་སློབ་ལ་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་པས་མཁས་པའི་ཡང་རྩེར་སོན་ནོ།།

③ཡན་ཧྲན་ཏུའུ་ཡུ་ཅུན།ཡན་ཧྲན་རི་བོའི་མིང་ལ་ཏུའུ་ཡུ་ཅུན་ཞེས་པ་ནི་རྒྱལ་རབས་ལྔ་དུས་ཀྱི་ཅིན་གོའི་མི་རེད།དེ་ལ་བུ་ལྔ་ཡོད་པ་ཐམས་ཅད་མིང་གྲགས་ཅན་དུ་གྱུར།

④ ཧོང་ཞང་།ཧན་རྒྱལ་རབས་ཤར་མའི་ཅིང་ཞ་ཞེས་པའི་མི་རེད།དེ་ལ་སྲི་ཞུ་ཅན་ཆེན་པོ་ཞེས་སྙན་པའི་གྲགས་པ་འབར་འདུག།

མི་རིགས་དཔེ་སྐྲུན་ཁང་གི་བོད་འགྱུར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་དཔེ་ཚོགས་ཀྱི་བྱིས་པའི་གཙུག་ལག་འབྲུ་གསུམ་པ་ཞེས་པ་ལས་བཤུས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།