ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་ཆེས་དཀའ་བའི་དོན་ཞིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨན་ཐུའུ་ཧྲེང་གིས་བརྩམས།

 ཆོས་འཚོས་བསྒྱུར།    

སུ་ཞིག་གིས་ཡིད་ཆེས་བྱ་དཀའ་བའི་བྱ་བ་ཞིག་བསྒྲུབ་ཐུབ་ན། དེ་ལ་རྒྱལ་པོའི་བུ་མོ་དང་རྒྱལ་སྲིད་ཕྱེད་ཀ་དབང་བ་ཡིན།

བྱ་བ་དེའི་ཆེད་དུ་ན་གཞོན་དང་ཐ་ན་རྒན་རྒོན་རྣམས་ཀྱིས་ཀྱང་ཐབས་ཤེས་ཡོད་ཚད་སྤྱད་པ་དང་། ནུས་ཤུགས་ཡོད་དགུ་བཏོན་པ་རེད། མི་གཉིས་ཀྱིས་རང་གིས་རང་ལ་སོ་འགྲད་བརྒྱབ་ནས་ཤི་བ་དང་། མི་གཅིག་གིས་ཆང་འཐུང་ཞིང་ར་བཟི་ནས་ཤི། ཁོ་ཚོ་ཚང་མས་རང་ཉིད་ཀྱི་ཐབས་ཤེས་སྤྱད་ནས་ཡིད་ཆེས་དཀའ་བའི་བྱ་བ་རེ་བསྒྲུབས་མོད། འོན་ཀྱང་བྱེད་ཐབས་དེ་དག་ཚང་མ་ནི་བླང་བྱ་དང་མི་མཐུན་པ་ཞིག་རེད།ཁྲོམ་སྲང་དུ་ཡོད་པའི་ཕྲུ་གུ་ཚོས་ཀྱང་རང་གི་ཁ་ལུད་རང་རྒྱབ་ཏུ་གཏོར་བར་སྦྱོང་བ་བྱེད་ཀྱིན་ཡོད་ལ།ཁོ་ཚོའི་སེམས་སུ་རང་ཉིད་ཀྱི་བྱ་བ་དེ་ནི་ཡིད་ཆེས་དཀའ་བའི་བྱ་བ་ཞིག་ཡིན་པར་སྙམ།

ཉིན་ཞིག འགྲེམ་ཚོགས་ཤིག་ཚོགས་མགོ་ཚུགས་ཤིང་། ཚོགས་འདུའི་ཐོག་འཁྲབ་སྟོན་མཁན་རེ་རེས་ཡིད་ཆེས་དཀའ་བའི་འཁྲབ་སྟོན་རེ་བྱེད་དགོས། ཤན་འབྱེད་པ་ཚང་མ་ནི་ལོ་གསུམ་ཅན་གྱི་བྱིས་པ་ནས་ལོ་དགུ་བཅུ་བར་གྱི་རྒས་འཁོགས་ཁྲོད་ནས་བདམས། ཚང་མས་འགྲེམ་སྟོན་བྱས་པའི་དོན་དག་ལས་མི་ཉུང་བ་ཞིག་ནི་ཡིད་ཆེས་བྱ་དཀའ་བ་ཞིག་ཡིན་པར་སྙམ་མོད། འོན་ཀྱང་དེ་མ་ཉིད་དུ་ཚང་མའི་བསམ་འཆར་གཅིག་མཐུན་བྱུང་ཞིང་། ཚང་མའི་བསམ་ཚུལ་ལྟར་ན་ཆེས་ངོ་མཚར་བ་ནི་མཐའ་སྒྲོམ་ཡོད་པའི་དུས་ཚོད་དེ་རེད། དེ་ཡི་ཕྱི་ནང་ཡོད་ཚད་ཇུས་བཀོད་བྱས་པ་ཧ་ཅང་ཡ་མཚན་པ་ཞིག་རེད།

དེས་ཅོང་བརྡ་རེ་གྲགས་པ་དང་མི་གཟུགས་ཤིག་ཕྱིར་བུད་ནས་དུས་ཚོད་སྟོན་ལ། དེ་ལྟ་བུའི་འཁྲབ་སྟོན་བསྡོམས་པས་ཐེངས་བཅུ་གཉིས་ཡོད་ཅིང་། ཐེངས་རེར་སྐད་ཆ་དང་དབྱངས་རྟ་སྒྲོག་ཤེས་མཁན་གྱི་མི་གཟུགས་དེ་ཕྱིར་ཐོན་པར་བྱེད།ཅོང་བརྡ་དང་པོ་གྲགས་པ་ན། མོ་ཞི་རི་བོ་སྒང་དུ་འགྲེངས་ནས་རྡོ་ལེབ་སྟེང་དངོས་འབྲེལ་གྱི་དཀོན་མཆོག་གཅིག་མ་གཏོགས་མེད་ཅེས་པའི་བཀའ་ལུང་ཐོག་མ་དེ་བྲིས།མི་རྣམས་ཀྱིས་བཤད་པ་ལྟར་ན། དེ་ནི་ཆེས་ཡིད་ཆེས་བྱ་དཀའ་བའི་དོན་ཞིག་རེད་ཟེར།ཅོང་བརྡ་གཉིས་པ་གྲགས་པ་ན། མཐོ་རིས་དགའ་ཚལ་བྱུང་ཞིང་། ཨ་ཏམ་དང་ཧ་ཝ་གཉིས་དེ་རུ་ཐུག་འཕྲད་བྱས། ཁོ་གཉིས་དེ་རུ་ཧ་ཅང་བདེ་སྐྱིད་ལྡན་ཡོད། ཁོ་གཉིས་ལ་གོས་སྒམ་ཞིག་ཀྱང་མེད་མོད།འོན་ཀྱང་ཁོ་གཉིས་ལ་མཚོན་ན་གོས་སྒམ་ཡང་མཁོ་དོན་མེད།ཅོང་བརྡ་གསུམ་པ་གྲགས་པ་ན། ཤར་ཕྱོགས་སུ་རྒྱལ་པོ་གསུམ་བྱུང་། ཁོ་ཚོ་ལས་གཅིག་རྡོ་སོལ་ལྟར་ནག་པ་དང་། ཁོ་ལ་ཡང་ཐབས་ཤེས་ཅི་ཡང་མེད། རྒྱུ་མཚན་ནི་ཁོ་རང་ཉི་མས་ནག་པོར་བཏང་བ་ཡིན།ཁོ་ཚོས་བདུག་སྤོས་དང་དངོས་པོ་རྩ་ཆེན་ཡང་ཁྱེར་ཡོང་ཡོད།ཅོང་བརྡ་བཞི་པ་གྲགས་སྐབས་དུས་བཞི་བྱུང་། དཔྱིད་ཀྱིས་ཁུ་བྱུག་ཁྱེར་ཅིང་། ཁུ་བྱུག་གིས་སྲ་ཤིང་གི་རྩེ་མོར་ཚང་བཟོས་ཡོད། དབྱར་གྱིས་ཆ་ག་པ་ཁྱེར་ཡོང་ཞིང་། དེ་ཡིས་གྲོ་དང་ནས་ཀྱི་སྙེ་མའི་སྟེང་ཚང་བཅོས་ཡོད། སྟོན་གྱིས་མཚོ་བྱ་དཀར་མོའི་ཚང་སྟོང་ཞིག་ཁྱེར་ཡོད་ཀྱང་། མཚོ་བྱ་ཡོད་ཚད་འཕུར་ཚར། དགུན་གྱིས་ཁ་ཏྭ་རྒས་པ་ཞིག་ཁྱེར་ཡོང་བ་དང་མེ་ཐབ་ཀྱི་ཟུར་དུ་ཚང་བཟོས་ཡོད། དེས་གཏམ་རྒྱུད་བཤད་བཞིན་དུས་ཚོད་རྙིང་པར་རྗེས་དྲན་བྱས།

དབང་པོ་ལྔ་ནི་ཅོང་བརྡ་ཐེངས་ལྔ་གྲགས་དུས་བྱུང་བ་ཡིན། གཟུགས་འཛིན་ནི་ཤེལ་ལས་མཁན་ཞིག་ཏུ་གྱུར་ཅིང་། སྒྲ་འཛིན་ནི་ཟངས་མགར་དུ་གྱུར། དྲི་འཛིན་ནི་མེ་ཏོག་དང་རྩི་ཤིང་འཚོང་མཁན་ཞིག་ཡིན། རོ་འཛིན་ནི་ཇ་མ་ཞིག་ཡིན། ཚོར་བ་ནི་འདས་མཆོད་སྒྲུབ་མཁན་དུ་གྱུར། ཁོའི་ལུས་ཀྱི་ཐོག་མཐའ་བར་གསུམ་དུ་མྱ་ངན་ཞུ་བྱེད་ཀྱི་ལྭ་བ་གྱོན་ཡོད།ཅོང་བརྡ་ཐེངས་དྲུག་ལ་གྲགས་དུས་རྒྱན་པོ་འཇོག་མཁན་ཞིག་གིས་ཤོ་རྩེད་བཞིན་ཡོད། གྲངས་ཀ་ཆེ་ཤོས་དེ་སྟེང་ཕྱོགས་སུ་ཡོད། དེ་ནི་གྲངས་ཀ་དྲུག་རེད།

དེ་ནས་གཟའ་འཁོར་གཅིག་གི་ཞག་བདུན(ཡང་ན་ཉེས་པ་བདུན)བྱུང་བ་ཡིན།མི་རྣམས་ཀྱིས་དེ་ཚོ་སུ་ཡིན་མི་ཤེས་ལ། དེ་ཚོར་ཁྱད་པར་ཆེན་པོ་མེད་པས་དབྱེ་འབྱེད་བྱེད་དཀའ།དེ་ནས་བསྟོད་པའི་སྙན་ངག་གྱེར་བའི་དགེ་འདུན་པ་ཡི་ཚོགས་པ་དེ་སླེབས་བྱུང་། ཁོ་ཚོས་དུས་ཚོད་བརྒྱད་སྟེང་གི་བསྟོད་གླུ་གྱེར།ལྷ་མོ་དགུ་ཅོང་བརྡ་དགུ་གྲགས་པ་དང་བསྟུན་ནས་སླེབས་བྱུང་། དེ་ལས་གཅིག་ནི་གནམ་དཔྱད་རིག་པ་བ་ཡིན་ལ། གཅིག་ནི་ལོ་རྒྱུས་ཡིག་ཆ་ལ་དོ་དམ་བྱེད་མཁན་ཡིན། གཞན་དག་ནི་ཟློས་གར་དང་འབྲེལ་བ་ཡོད་མཁན་ཡིན།ཅོང་བརྡ་བཅུ་གྲགས་དུས། མོ་ཞི་ཡིས་ཁོའི་བསླབ་ཁྲིམས་ཁྱེར་ནས་ཡང་བསྐྱར་སླེབས་བྱུང་། དཀོན་མཆོག་གི་བཀའ་ལུང་དེ་ཡི་ནང་དུ་ཡོད་ལ།བསྡོམས་པས་དོན་ཚན་བཅུ་ཡིས་གྲུབ།ཅོང་བརྡ་སླར་ཡང་གྲགས་བྱུང་། བུ་དང་བུ་མོས་ཕར་ལྡིང་ཚུར་ལྡིང་བྱེད་བཞིན་ཁོ་ཚོས་ཕྱོགས་གཅིག་ནས་རོལ་རྩེད་ཅིག་རྩེད་པ་དང་།ཕྱོགས་གཅིག་ནས་གླུ་ལེན་བཞིན་ཡོད།

ཅོང་བརྡ་ཐེངས་བཅུ་གཅིག་ལ་གྲགས་བྱུང་།ཅོང་བརྡ་ཐེངས་བཅུ་གཉིས་ལ་གྲགས་པ་ན། མེལ་ཚེ་མཁན་གྱིས་ཕྱིང་ཞྭ་གྱོན་ཞིང་།ཁོས་གནའ་རབས་མེལ་ཚེ་བའི་གླུ་གཏོང་བཞིན།ཐོ་རངས་སྐར་ཆེན་ལག་ཏུ་ཁྱེར་ནས་སླེབས་བྱུང་།

ཏག་ཏག་ནམ་གུང་གི་ཆར།ང་ཚོའི་སྐྱབས་མགོན་མི་ཡུལ་དུ་འཁྲུངས།ཁོས་གླུ་ལེན་པའི་སྐབས་སུ་རྒྱ་སེ་མེ་ཏོག་སྐྱེས།དེ་ཨིན་ཆི་འུར་གྱི་མགོ་རུ་གྱུར་ཅིང་།ཚོན་མདོག་རྣམ་པར་བཀྲ་བའི་གཤོག་པའི་སྟེང་དུ་ཐོགས།

དེ་ཐོས་ན་དངོས་གནས་སྤྲོ་བ་དང་། མཐོང་ན་དངོས་གནས་མཛེས་སྡུག་ལྡན་པ་ཞིག་རེད།ཚང་མས་དེ་ནི་མི་རྣམས་ཀྱིས་ཆེས་ཡིད་ཆེས་བྱ་དཀའ་ཞིང་དཔེ་ཟླ་བྲལ་བའི་སྒྱུ་རྩལ་ཞིག་རེད་ཅེས་བཤད།དེ་བཟོ་མཁན་ནི་ན་གཞོན་སྒྱུ་རྩལ་པ་ཞིག་རེད།ཁོ་རང་ནི་སེམས་རྒྱུད་བཟང་ཞིང་། བྱིས་པ་བཞིན་དགའ་སྤྲོ་ལྡན་ལ། ཁོ་རང་ནི་གྲོགས་པོ་ལ་སེམས་པ་དག་ཅིང་། ལོ་ཚད་རྒས་པའི་ཕ་མ་ལ་ཧ་ཅང་བསྙེན་བཀུར་ལྡན་ལ། ཁོ་རང་ནི་སྲས་མོ་དང་རྒྱལ་ས་ཕྱེད་ཀ་ཐོབ་ངེས་ཅན་དེ་ཡིན།མཇུག་མཐར་ལྟ་ཚུལ་འདོན་པའི་ཉིན་དང་པོ་དེ་སླེབས་སོང་། གྲོང་ཁྱེར་ཡོངས་སུ་རྣམ་པར་བཀྲ་བའི་མཛེས་ཆས་མང་པོས་སྤྲས་ཤིང་། སྲས་མོ་རྒྱལ་ཁྲིའི་སྟེང་བཞུགས་ལ། གདན་སྟེང་དུ་རྟ་རྔ་ཞིག་ཀྱང་བཞག་ཡོད།ཡིན་ན་ཡང་། དེས་ནི་མི་རྣམས་ལ་སྐྱིད་སྣང་དང་སྤྲོ་སྣང་ཅི་ཡང་སྟེར་མ་ཐུབ། ཕྱོགས་བཞི་ཡི་ཤན་འབྱེད་པ་ཚོས་དོན་གོ་བའི་ངོས་ནས་མྱུར་དུ་རྒྱལ་ས་ཐོབ་ངེས་ཀྱི་མི་དེ་ལ་མིག་གིས་ལྟ་དུས། མི་དེ་རང་ཉིད་ལ་གདེང་ཚོད་དང་སྤྲོ་སྣང་གིས་བརྟས་ཡོད་པ་ཕྱི་རུ་མངོན་འདུག

རྒྱུ་མཚན་ནི་ཁོས་མི་དག་ལ་ཡིད་ཆེས་བྱ་དཀའ་བའི་ཅ་ལག་ཅིག་གསར་སྐྲུན་བྱས་ཡོད་པས་རེད།སྐབས་དེར་མཐོ་ལ་སྐམ་པའི་མི་ཞིག་གིས་སྐད་ཤུགས་མཐོན་པོས། ཧེ། ད་ནི་ངས་བཤད་རན་ལ་སླེབས་འདུག ང་ནི་གཞི་ནས་མི་དག་གིས་ཧ་ཅང་ཡིད་ཆེས་བྱ་དཀའ་བའི་དོན་དག་དེ་སྒྲུབ་མཁན་ཡིན་ཞེས་བཤད།

དེ་ནས་སྒྱུ་རྩལ་ཐོན་རྫས་དེ་ལ་གདོང་གཏད་ནས་སྟ་རེ་གཅིག་གཡུགས་པ་དང་། ཧྲག་ཧྲག་དང་ལྡིར་ལྡིར་དང་བཅས་པའི་སྒོ་ནས་ཡོད་ཚད་ཚར་སོང་། སོ་འཁོར་དང་ལྡེམ་སྐུད་ཀྱང་གང་བྱུང་དུ་འཕུར་བཞིན་འདུག གང་ལྟར་ཅི་ཡང་མ་ལྷག་པར་ཡོད་ཚད་རྩ་མེད་དུ་གཏོར་སོང་།

ཁོས་དེ་ནི་ང་གཅིག་པུས་བཟོ་ཐུབ། ངའི་ལས་ཀས་ཁོ་རང་དང་མི་རེ་རེ་ཡི་ལས་ཀ་ཡོད་ཚད་གཏོར་སོང་ལ། དེ་ཕྱིར་ང་ཡིས་མི་རྣམས་ཆེས་ཡིད་ཆེས་བྱ་དཀའ་བའི་ལས་ཀ་དེ་སྒྲུབ་ཐུབ་ཡོད་ཅེས་བཤད།ཤན་འབྱེད་པས་ཀྱང་ཁྱོད་ཀྱིས་འདི་ལྟ་བུའི་སྒྱུ་རྩལ་ཐོན་རྫས་རྩ་མེད་དུ་གཏོར་སོང་བས། འདི་ནི་དངོས་གནས་མི་བུ་དག་གིས་ཡིད་ཆེས་བྱ་དཀའ་བའི་དོན་དག་ཅིག་རེད་ཅེས་བཤད།དེ་རུ་ཡོད་པའི་མི་ཚང་མས་དེ་དང་དེ་མཚུངས་ཀྱི་སྐད་ཆ་བཤད། ཁོ་རང་ལ་སྲས་མོ་དང་རྒྱལ་སྲིད་ཕྱེད་ཀ་ཐོབ་འོས། དེ་ནི་ཡིད་ཆེས་བྱ་དཀའ་བ་ཞིག་ཡིན་ཡང་། དམ་བཅའ་ནི་གཞི་ནས་དམ་བཅའ་ཡིན།

ལྕགས་རི་དང་མཁར་གྱང་ཐོག་གི་སྒྲ་དུང་ལས་གཉེན་སྒྲིག་གི་ཆོ་ག་སྤེལ་རྒྱུ་ཡིན་ཞེས་ཁྱབ་སྒྲོག་བྱས། སྲས་མོ་ནི་ཕར་བལྟས་ཚོད་ལ་མི་འདོད་པ་འདྲ་ཡང་། མོ་རང་གི་ཚུགས་ཀ་ནི་སྙིང་རྗེ་བ་དང་། ལུས་སྟེང་དུ་གྱོན་པའི་སྟོད་གོས་ཀྱང་ཡིད་དུ་འོང་བ་ཞིག་རེད།

ཆོས་ཁང་དུ་པྲ་སྒྲོན་སྦར་ཡོད་ཅིང་། ས་སྲོད་ཀྱི་ཁྲོད་དུ་ཆེས་ཡིད་དུ་འོང་བའི་མཛེས་ཉམས་ཤིག་མངོན་འདུག གྲོང་ཁྱེར་ནང་གི་སྐུ་དྲག་གི་བུ་མོ་ཚོས་ཕྱོགས་གཅིག་ནས་གླུ་དབྱངས་ལེན་ཞིང་། ཕྱོགས་གཅིག་ནས་སྲས་མོ་བསྐྱོར་ནས་སླེབས་བྱུང་། རྟ་པ་ཚོ་ཕྱོགས་གཅིག་ནས་མག་པ་དང་མཉམ་དུ་སླེབས་ཤིང་། ཕྱོགས་གཅིག་ནས་གླུ་དབྱངས་ལེན། ཁོ་རང་ནི་མི་སུ་དང་སུ་ཡིས་ཀྱང་ཕམ་པར་བྱེད་མི་ཐུབ་སྙམ་པའི་ང་རྒྱལ་གྱིས་ཁེངས་འདུག གླུ་དབྱངས་ལེན་མཚམས་བཞག་པ་ན། གནས་དེ་ལྷིང་ཞིང་འཇགས་པར་གྱུར་ལ། ཐ་ན་ཁབ་སྐུད་ཅིག་ས་རུ་ལྷུང་བའི་སྒྲ་ཡང་རྣ་བར་ཐོས་ཡོང་ཚོད་རེད། ཡིན་ཡང་གློ་བུར་དུ་ཁུ་སིམ་པོའི་སློབ་ཁང་གི་སྒོ་དེ་ཙག་སྒྲ་དང་བཅས་ཕྱེ་བས། ཕང་ཕང་གི་སྒྲ་དང་བཅས་ཅོང་གི་ལྷུ་ལག་དག་བར་ཁྱམས་བརྒྱུད་ནས་མག་པ་དང་བག་མ་གཉིས་ཀྱི་བར་དུ་བསྡད་བྱུང་། མི་ཞིག་ཤི་ཟིན་ཚེ་སླར་ཡང་གསོན་ཏེ་གོམ་པ་སྤོ་རྒྱུ་མེད་པ་ཚང་མས་ཤེས་གསལ་ཡིན་ཡང་། སྒྱུ་རྩལ་གྱིས་བཟོས་པའི་དངོས་པོ་དེ་སླར་ཡང་ལངས་ནས་འགྲོ་ཐུབ་པ་མངོན་སུམ་རེད། དེའི་ལུས་པོ་ཕྱེ་མར་བཏགས་ཀྱང་དེའི་སྙིང་སྟོབས་ནི་ཆ་ཚང་བོ་རེད།དེ་ཡང་ཀུ་རེ་དང་གད་མོའི་ཚུལ་དུ་བཤད་པ་རྩ་བ་ནས་མིན། དེ་སྔོན་གཏོར་བརླག་དང་ཆག་གྲུམ་གང་ཡང་མ་བྱུང་བ་ནང་བཞིན་སྒྱུ་རྩལ་གྱི་དངོས་པོ་དེ་མངོན་སུམ་གསར་རྗེན་དུ་འགྲེངས་ནས་ཡོད་པས་དེ་ལས་གསལ་བཤད་གང་ཡང་དགོས་ཀྱི་མེད་པ་འདྲ།

དུས་ཚོད་བཅུ་གཉིས་པར་སླེབས་རག་བར་དུ་ཅོང་ནི་ཡང་ཡང་བརྡུངས་པས་མི་ཚུགས་དེ་དག་ཚང་མ་ཕྱིར་ཐོན་བྱུང་། ཆེས་མགོ་མ་ནི་མོ་ཞི་རེད།དེའི་དཔྲལ་བ་ནས་མེ་འོད་འཚུབ་པ་ལྟ་བུ་བྱུང་། དེས་སྡོམ་ཁྲིམས་བརྐོས་པའི་རྡོ་ལེབ་དེ་མག་གསར་གྱི་རྐང་མགོར་འཕངས་ཏེ་ས་རུ་བརྡབས། མོ་ཞིས་ཁྱོད་ཀྱིས་ངའི་དཔུང་པ་བཅག་པས་ངས་ནི་དེ་ཚོ་སྤྲོད་ཐབས་མི་འདུག ཁྱེད་རང་འདིར་བཞུགས་རོགས་མཛོད་ཅེས་ཞུས། དེའི་རྗེས་སུ་ཨ་ཏམ་དང་ཧ་ཝ། ད་རུང་ཤར་ནས་ཐོན་པའི་འཕགས་པ་དང་དུས་བཞི་སོགས་སླེབས། ཚང་མས་ཆེས་ཉན་མི་སྤྲོ་བའི་གནས་ལུགས་དེ་བཤད་བྱུང་སྟེ།ཁྱོད་རང་ངོ་ཚ་དང་བྲལ་བ་ཞིག་རེད་ཨང་ཟེར། ཡིན་ནའང་དེ་ནི་ངོ་ཅུང་ཟད་ཙམ་ཡང་གནོང་གི་མེད་པ་འདྲ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།