ཀྲུང་གོ་བོད་ཀྱི་དྲ་བ།

གཞས་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཆི་ཁོ་ཧྥུས་བརྩམས།ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2018-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོ་མོ་སྔར་བཞིན་ལང་ཚོའི་ཁོ་ལག་རྫོགས་ཤིང་སྐད་ངག་ཧ་ཅང་སྙན་མོ་ཡིན་པའི་དུས་ཀྱི་ཉིན་ཞིག་ལ། རེ་བ་སྙེག་སའི་ཁའོ་ཨེར་པ་ཁཱོ་མོའི་ཁྱིམ་དུ་བསླེབས་བྱུང་། གཞིས་ཆེན་གྱི་ཐོག་ཁར་སྡོད་དུས་ཚ་གདུང་བཟོད་དཀའ་བ་ཞིག་རེད། ཁའོ་ཨེར་པ་ཁཱོ་ཡིས་གུང་ཇ་འཐུང་ཞོར་དུ་གོང་བདེའི་རྒུན་ཆང་འཐུང་བ་ན་ཡིད་ཁམས་མི་སྐྱིད་ལ་ལུས་ཡོངས་བདེ་སྣང་ཞིག་མ་ཤར།  བལྟས་ཡོང་ན་ཁོ་ལ་དོན་སྙིང་མེད་པར་མྱུར་མོར་ཚ་གཡོལ་དུ་འཆམ་འཆམ་འགྲོ་བར་རེ་སྒུག་བྱས།

ཁའོ་ཨེར་པ་ཁཱོ་ཡིས་ཕྱི་ལྭ་གོན་མེད་ལ་རྐང་དུ་འདྲུད་ལྷམ་ཞིག་གྱོན་འདུག   གློ་བུར་བར་སྒོའི་དྲིལ་ཆུང་གྲགས་བྱུང་། ཁོ་འཕྲལ་དུ་ཡར་ལངས་ཏེ་པཱ་ཧྲ་ལ་དོགས་པ་ཟ་བཞིན་བལྟས།

གཞས་མ་དེས“ཕལ་ཆེར་ཡིག་སྐྱེལ་པའམ་ངའི་གྲོགས་མོ་ཡིན་སྲིད”ཅེས་བཤད།

ཁའོ་ཨེར་པ་ཁཱོ་རྩ་བ་ནས་པཱ་ཧྲའི་གྲོགས་མོར་མི་བྱོལ་ལ་ཡིག་སྐྱེལ་པ་ཡང་གཡོལ། ཐེངས་འདིར་ཁོས་འགེབ་སྲུང་བྱ་ཆེད་རང་གི་གོན་པ་འཁྱེར་ནས་ཁང་མིག་ཞིག་ཏུ་འཛུལ་སོང་། པཱ་ཧྲ་རྒྱུགས་ནས་སྒོ་ཕྱེ་པ་ན་མོ་ཧང་སང་། སྒོ་ཁར་ལངས་ཡོད་པ་ནི་ཡིག་སྐྱེལ་པ་མིན་ལ་གྲོགས་མོ་ཡང་མ་རེད། དེ་ནི་གཞོན་ཤ་རྒྱས་ཤིང་མཆོར་སྒེག་སྤྲས་བའི་རྒྱུས་མེད་ལྕམ་མོ་ཞིག་རེད།

ལྕམ་མོ་དེའི་ངོ་གདོང་ཐལ་མདོག་ཏུ་གྱུར་འདུག་ལ་དབུགས་ཧལ་ཧལ་བྱེད་བཞིན་འདུག་པས་ད་ཅི་ཐོགས་ཁང་དུ་འཛེགས་པ་དང་འདྲ།

པཱ་ཧྲས“ཁྱེད་ལ་དོན་དག་ཅི་ཡོད”ཅེས་དྲིས་ཙ་ན།

སྐུ་ལྕམ་གྱི་དུས་ཐོག་ཏུ་ལན་མ་བཏབ། མོ་མདུན་དུ་གོམ་པ་གཅིག་སྤོ་བཞིན་དལ་ལྷོད་ལྷོད་ངང་ཁང་མིག་དུ་འཛུལ་ནས་བསྡད། དེ་ནི་ཐང་ཆད་ནས་ལངས་མི་ཐུབ་པ་འདྲ།  མོའི་མཆུ་སྒྲོས་ལྷེམ་ལྷེམ་ངང་ཅི་ཞིག་བཤད་འདོད་པ་ཡིན་ནམ། མཐར“ངའི་ཁྱོ་ག་འདིར་ཡོད་དམ”ཞེས་དྲིས་ཤིང་། མོའི་ཡུན་རིང་དུ་མཆུ་མ་བཞུར་ནས་དམར་པོར་གྱུར་པའི་མིག་ཟུང་གིས་པཱ་ཧྲར་ཅེར་རེ་བལྟས།

“སུའི་ཁྱོ་ག”པཱ་ཧྲས་སྐད་ཆུང་ངུས་དྲིས་པ་ན། སྐྲག་ནས་རྐང་ལག་གྲང་ཤུར་ཤུར་དུ་གྱུར།“སུའི་ཁྱོ་ག”མོས་བསྐྱར་དུ་དྲིས་པ་ན་ཁོ་མོ་འདར་བྱུང་།

“ངའི་ཁྱོ་ག   ཁའོ་ཨེར་པ་ཁཱོ”

“མེད …… མེད …… མེད …… ལྕམ་མོ། ངས …… ངས་ཁྱེད་ཀྱི་ཁྱོ་ག་མི་ཤེས་ཡ”

དེ་གཉིས་དར་གཅིག་ཁ་རོག་གེར་བསྡད། རྒྱུས་མེད་བུད་མེད་དེས་ལག་ཕྱིས་ཀྱི་མཆུ་འདབ་ཕྱི་བཞིན་ཁོག་གི་ཞེ་སྡང་མར་མནན་ཏེ་དབུགས་རིང་ཞིག་འབྱིན་བྱུང་། འོན་ཏེ། པཱ་ཧྲ་ཁོ་མོའི་མདུན་དུ་གཡོ་འགུལ་མེད་པར་འཇིམ་སྐུ་བཞིན་སྐྲག་མ་དངངས་ཅེར་ནས་བསྡད།

“ཁྱོད་ཀྱིས་དེ་ལྟར་བཤད་ན། ཁོ་འདིར་མེད་པ་རེད་ལ”སྐུ་ལྕམ་གྱིས་བཙན་བཤད་བྱེད་མགོ་བརྩམས། ད་དུང་མིས་རྟོགས་དཀའ་བའི་ཁྲེལ་དགོད་བྱས།

“ངས …… ངས་ཁྱེད་ཀྱིས་སུ་ཞིག་འདྲི་བཞིན་པ་མི་ཤེས”

བུད་མེད་དེས“ཁྲེལ་མེད།  ཐ་ཤལ་གྱི་བུ་མོ ……”ཅེས་སྡིགས་མོ་བྱེད་བཞིན་ཞེ་འཁོན་བཅངས་བའི་མིག་ཟུང་གིས་པཱ་ཧྲ་ལ་བལྟ་ཞོར། སྐད་དམའ་མོས“ཁྱོད་ཀྱི་སྔུན་ནས་འདི་ལྟར་བཤད་ཐུབ་སོང་བ། ང་ཧ་ཅང་དགའ་བོ་བྱུང་སོང”ཞེས་བཤད།

པཱ་ཧྲས་གོན་པ་ནག་པོ་གྱོན་ཞིང་མིག་མདངས་ཞེ་སྡང་གིས་ཁེངས་བའི་ལྕམ་མོ་འདི་ནི་ཁྲེལ་མེད།  ཐ་ཤལ་ཞིག་ཡིན་པ་རྟོགས་བྱུང་། ཐ་ན་པཱ་ཧྲ་ཡི་རང་གི་ཤ་རྒྱགས་པའི་ངོ་གདོང་དང་སྣ་རྩེའི་སྐེག    ཤད་མ་ཐུབ་པར་བྲལ་བར་བཀབ་པའི་སྐྲ་ལོ་སོགས་ཁ་སྐྱེངས་པ་ལྟ་བུའི་ཚོར་བ་ཞིག་སྐྱེས། མོས་རང་ཉིད་ཀྱི་མཉེན་ལྕུག་གི་སྐྱེས་གཟུགས་དང་མཛེས་ཉམས་མི་དོད་པར་ལྕམ་མོ་མཚར་པོ་འདིའི་མདུན་ནས་སེམས་ཁྲལ་དང་ངོ་ཚ་དགོས་དོན་མི་འདུག་སྙམ།

“ངའི་ཁྱོ་ག་གང་དུ་ཡོད”ཟེར་ཞོར་མུ་མཐུད་དུ“སྤྱིར་ཁོ་འདིར་མེད་ན་ཆོག  ང་ལ་ཁྱད་པར་མེད། ངས་ཁྱོད་ལ་ངེས་པར་བཤད་དགོས་པ་ནི། ཁའོ་ཨེར་པ་ཁཱོས་སྤྱི་ནོར་སྒེར་སྤྱོད་བྱས་པ་ལྷང་ལ་བུད་འདུག   ཚང་མས་ཁོ་འཚོལ་བཞིན་འདུག …… ཚང་མས་འཛིན་བཟུང་བྱེད་བསམ་འདུག   འདི་ཁྱོད་ཀྱིས་བཟོས་པ་རེད།”

སྐུ་ལྕམ་ཡར་ལངས་བྱུང་། ལྷོད་ལ་མི་འབབ་པར་ཁང་བའི་ནང་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་འདུག   པཱ་ཧྲས་མོར་ལྟ་བཞིན་ཧད་དེ་བསྡད།

“ཁོ་ཚོས་དེ་རིང་འཛིན་རྒྱུ་རེད” ཅེས་སྐུ་ལྕམ་བཤད་ཞོར་དང་ངུ་ཞོར་བྱས། ངུ་སྐད་འདིའི་ཁྲོད་དུ་མོ་ལ་བརྙས་བཅོས་བྱས་རྗེས་ཀྱི་ཁྲོ་སེམས་ཡིན་པ་ཚོར་བྱུང་།“ངས་ཁོ་སུ་ཞིག་གིས་འཆི་ལམ་དུ་དེད་པ་ཤེས། ཁྲེལ་མེད།  ཐ་ཤལ། ཆོལ་མ་ཁྱོད”ཅེས་སྐུ་ལྕམ་གྱིས་ཁ་སྣ་གཉེར་བཞིན་གཤེ་གཤེ་བཏང་།

“ཁྱོད་ཀྱིས་ལྟོས་དང་།  ཆོམ་རྐུན་ཁྱོད། ངས་ཁྱོད་ལ་རྒོལ་ལན་བསློག་མི་ཐུབ་རུང་། ང་དང་བུས་ཕྲུག་གི་ཆེད་དུ་དཀོན་མཆོག་ལ་དྲང་བདེན་ཡོད། རྒྱུ་འབྲས་འཁོར་ནི་རེད། དཀོན་མཆོག་གིས་ངས་མིག་ཆུའི་རྡོག་པ་རེ་རེ་དང་གཉིད་མི་ཁུག་པའི་གདུང་བ་དེ་དག་གཟིགས་ནས་ཁྱོད་ལ་ཆད་པ་གཅོད་ངེས”

དེ་ནས་ཡང་བསྐྱར་འཇམ་ཅག་གེར་བསྡད། སྐུ་ལྕམ་ཁང་བའི་ནང་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་རང་གི་ལག་པ་ཤུགས་ཀྱིས་བསྡམས། པཱ་ཧྲ་ཧོན་ཐོར་བཞིན་ཅི་བྱ་གཏོལ་བྲལ་ངང་མོས་གླེན་རྟགས་ཅི་འདྲ་ཕུད་པར་སྐྲག་ནས་སྒུག

པཱ་ཧྲས“སྐུ་ལྕམ།   ངས་ཅི་ཡང་མི་ཤེས”ཟེར་བཞིན་ངུས་བྱུང་།

དེས་སྐད་ཤུགས་ཆེན་པོས“འཆལ་གཏམ”ཟེར་ཞོར་སྡང་མིག་བགྲད་དེ“ཁྱོད་གཉིས་ཀྱི་བྱ་བ། ངས་སྐྱུར་རུ་ར་ལག་མཐིལ་དུ་བཟུང་བ་ནང་བཞིན་ངས་སྔ་མོ་ཤེས་ཡོད་ལ།  ཁོ་ཉེ་བའི་ཟླ་གཅིག་གི་རིང་ལ་རྒྱུན་པར་འདི་རུ་བསྡད་པ་ཡང་ཤེས་ཡོད”

“བདེན་པ་ཡིན། འོན་ཀྱང་འདིས་ཅི་ཞིག་གསལ་བཤད་བྱེད་ཐུབ།  ངའི་འདི་རུ་རྒྱུན་པར་མགྲོན་པོ་ཡོད། ངས་མི་གཞན་པ་ཡོང་མིན་ལ་སྣང་འཇོག་བྱེད་ཀྱིན་མེད། གར་འགྲོ་རང་དབང་ཡིན”

“ངས་ཁྱོད་ལ་བཤད། སྤྱི་ནོར་སྒེར་སྤྱོད་ལྷང་བུད་པ་དང་ཁོས་སྒེར་གྱིས་ལས་ཁུངས་ནས་སྐྱིས་པ་ཁྱོད་ལྟ་བུའི་བུད་མེད་ཞིག་གི་ཆེད་དུ་ནག་ཉེས་བཟོས་པ་རེད། ཨེ་གོ་ཐ”ད་དུང་ལྕམ་མོ་པཱ་ཧྲའི་སྔུན་ནས་ལངས་ཏེ་མཐའ་གཅིག་ཏུ“ཁྱོད་ལྟ་བུའི་མི་ལ་ཀུན་སྤྱོད་ཀྱི་ཚད་གཞི་ཅི་ཞིག་ཡོད། ཁྱོད་འཇིག་རྟེན་དུ་འཚོ་བའི་དམིགས་ཡུལ་ནི་གཞན་ལ་གནོད་བསྐྱལ་བ་ཙམ་རེད། ཁྱོད་ངན་རུལ་དུ་གྱུར་ནས་སྐྱོབ་ཐབས་མེད་པས། ཐ་ན་བརྩེ་འདང་ཀྱང་མི་མཁོ་བར་མ་འདོད། ཁོ་ལ་བཟའ་ཚང་དང་བུས་ཕྲུག་ཡོད། གལ་ཏེ་ཉེས་ཆད་དང་ཡུལ་སྤྱུགས་ན། ང་དང་བྱིས་པ་ཚོ་མུག་ཤི་བྱ་སྲིད། ཁྱོད་ཀྱིས་འདི་ཙམ་ཤེས་པར་གྱིས། ང་ཚོའི་ཁྱིམ་ཚང་འདི་དཀའ་ཁག་ལས་སྐྱོབ་ཐབས་དང་དམངས་སྒོར་དགུ་བརྒྱ་ཡོང་ཐབས་ལྡན་ན་དུས་བདེ་ཞོད་འཇགས་ཡིན་ལ། ཅིས་ཀྱང་དམངས་སྒོར་དགུ་བརྒྱ་དགོས”

པཱ་ཧྲས་སྐད་དམའ་མོས“ཅི་ཞིག་གི་དམངས་སྒོར་དགུ་བརྒྱ”ཞེས་དྲིས།

“ངས …… ངས་མི་ཤེས། …… ངས་མ་འཁྱེར”

“ང་དམངས་སྒོར་དགུ་བརྒྱ་ཁྱོད་སར་སློང་དུ་ཡོང་བ་མིན། ཁྱོད་ལ་ལག་སྒོར་མེད་རུང་ང་ཁྱོད་ཀྱི་སྒོར་མོ་མི་དགོས། ང་ལ་མཁོ་བ་ནི་ཅ་དངོས་གཞན་ཞིག་ཡིན …… ཁྱོད་ལྟ་བུའི་བུད་མེད་ལ་སྐྱེས་པ་དག་གིས་ནམ་རྒྱུན་ལེགས་སྐྱེས་རྩ་ཆེན་བྱིན་བཞིན་འདུག   ངའི་ཁྱོ་གས་བྱིན་པའི་ཅ་དངོས་དེ་དག་ཕྱིར་སྤྲོད་པས་ཆོག”

“ལྕམ་མོ། ཁོས་ང་ལ་ཅི་ཡང་བྱིན་མེད”ཅེས་སྐད་གསེང་མཐོན་པོས་བཤད་པ་དང་མོ་ཡོང་དོན་ཡང་རྟོགས་བྱུང་།

“དེ་ན་སྒོར་མོ་དེ་དག་གང་དུ་བུད་སོང་བ་རེད། ཁོས་རང་གི་སྒོར་མོ་བཀོལ་ཚར་བ་མ་ཟད། ང་དང་གཞན་གྱི་སྒོར་མོ་ཡང་བརླག་ཚར …… སྒོར་མོ་རྣམས་གང་དུ་བྲོས་སོང་བ་ཡིན།  ཉོན་དང་། ད་ཅི་ང་ཁོང་ཁྲོ་ལངས་ནས་མགོ་འཐོམས་པ་རེད། ཁྱོད་ལ་མི་དགའ་བའི་སྐད་ཆ་འགའ་བཤད་པ་དགོངས་དག་ཞུ། ཁྱོད་ངའི་སྟེང་ལ་སྙིང་ལངས་བ་ངས་ཤེས་ནི་རེད། གལ་ཏེ་ཁྱོད་ལ་སྙིང་རྗེ་ལྡན་ན། ངའི་གནས་བབ་ལ་བསམ་བློ་རེ་གཏོང་རོགས། ཅ་དངོས་ཕྱིར་སྤྲོད་རོགས། ངས་ཁྱོད་ལ་ཞུ་བ་བྱ”

“ཨུ་ཤུ ……”པཱ་ཧྲས་སྟོད་སིག་བྱེད་བཞིན་ན་རེ།“ངས་ཀྱང་དེ་འདོད་ཡོད། འོན་ཀྱང་། ངས་གནམ་སྔོན་མོ་དཔང་ལ་འཇོག    ཁོས་ང་ལ་ཅི་ཡང་བྱིན་མེད། ངས་ཁག་ཐེག་བྱ་ཐུབ། ཡིན་རུང་ཁྱོད་ཀྱིས་ཚོད་དཔག་བདེན་པར་འདུག”གཞས་མ་ཅུང་དོགས་མི་བདེ་བའི་ངང“ཁོས་ང་ལ་དངོས་པོ་གཉིས་བྱིན་ཡོད་པ་འདྲ།  ཆོག་གི    གལ་ཏེ་ཁྱོད་ལ་མཁོ་ན། ངས་ཕྱིར་སྤྲོད་བར་བྱ”

པཱ་ཧྲས་མཛེས་འཆོས་སྟེགས་བུའི་འཐེན་སྒམ་ཞིག་ལས་གསེར་ཡིན་མིན་འབྱེད་པར་དཀའ་བའི་གདུབ་བུ་ཞིག་དང་མདོག་ཤོར་བའི་མཛུབ་དཀྲིས་ཞིག་བཏོན་བྱུང་།

“ཁྱེད་ལ་སྤྲོད”ཟེར་བཞིན་སྐུ་ལྕམ་ལ་བྱིན།

མོའི་བསམ་པར་རང་ཉིད་ཀྱིས་བརྙས་བཅོས་ཚད་མེད་མྱང་སོང་སྙམ་ནས་ སྐུ་ལྕམ་ཁོང་ཁྲོ་མེ་ལྟར་འབར་ཏེ་ངོ་གདོང་ཡང་འདར་བྱུང་།

“ཁྱོད་ཀྱིས་བྱིན་པ་འདི་ཅི་རེད། ངས་ཁྱོད་ལ་བསོད་ནམས་སློང་བ་མིན། བདག་པོར་དབང་བའི་ཅ་དངོས་ཕྱིར་སྤྲོད་ཟེར་བ་ཡིན། ཁྱོད་ཀྱི་སྒེག་ཉམས་ཀྱིས་ངའི་ཁྱོ་གར་བསླུ་བྲིད་བཏང …… སྣ་ནག་མ་ཁྱོད …… རེ་གཟའ་བཞི་བ་ཞིག་ལ། ཁྱོད་དང་ངའི་ཁྱོ་ག་གཉིས་གྲུ་ཁར་འདུག    སྐབས་དེར་ཁྱོད་ཀྱིས་རྩ་ཆེ་བའི་བྲང་ཁབ་དང་གདུབ་བུ་ཞིག་བཏགས་འདུག    དེའི་ཕྱིར། ཁྱོད་ཀྱིས་ངའི་སྔུན་ནས་ཚུལ་འཆོས་ངང་མ་ཉེས་ཁ་གཡོགས་ཐེབས་པའི་ལུ་གུ་ལྟ་བུར་བྱ་དོན་མི་འདུག    ངས་ཁྱོད་ལ་མཐའ་འཇུག་གི་ཞུ་བ་ཐེངས་གཅིག་བྱ། དོན་དངོས་སུ་ཁྱོད་ཀྱིས་སྤྲོད་དམ་མི་སྤྲོད”

“ཁྱེད་ལ་ཅི་བྱུང་སོང་། ངོ་མ་ཡ་མཚར་ཞིག་རེད ……”པཱ་ཧྲས་བཟོད་སྒོམ་བྱེད་བཞིན“ཁོས་ང་ལ་གདུབ་བུ་དང་མཛུབ་དཀྲིས་མ་གཏོགས་ཅི་ཡང་བྱིན་མེད། དེའི་རྗེས་ཁྱེད་ཀྱི་ཁྱོ་གའི་ཅ་དངོས་ངས་མཐོང་ཡང་མ་མྱོང་། ཁོས་ང་ལ་གོ་རེ་མངར་མོ་འགའ་བྱིན་མྱོང”

“གོ་རེ་མངར་མོ ……”སྐུ་ལྕམ་ཁྲེལ་དགོད་ཅིག་བྱས།“བྱིས་པར་ཁྱིམ་དུ་བཟའ་བཏུང་ཅི་ཡང་མེད་རུང་། འདིར་གོ་རེ་མངར་མོ་བཟའ་རྒྱུ་འདུག    ཁྱོད་ཀྱི་སེམས་རྡོ་རུ་གྱུར་པས་མི་བྱིན་པ་ཡིན་ནམ”

མོས་ལན་ལྡོན་པར་མ་སྒུག་པར་སྐུ་ལྕམ་མར་བསྡད། སེམས་སུ་ཅི་ཞིག་དྲན་བཞིན་གྲག་འགུལ་མེད་པར་བསྡད།

“ད་ཅི་ཞིག་བྱ། ངས་སྒོར་དགུ་བརྒྱ་གཙག་བྱེད་མ་ཐུབ་ན་ང་དང་བུས་ཕྲུག་ཚོ་འཆི་ལམ་ཉག་གཅིག་རེད། བུད་མེད་འདི་གསོད་དམ་དེ་ལ་པུས་འཛུག་བྱ་དགོས་སམ། ངས་ཅི་ཞིག་བྱ”

སྐུ་ལྕམ་དེས་ལག་ཕྱིས་ཀྱིས་ངོ་བཀབ་ནས་དྲག་ཏུ་ངུས།

“ངས་ཞུ་བ་བྱ”ཐོས་ཐུབ་པ་ནི་མོའི་ངུ་སྐད་ཁོ་ན་རེད། “ཁྱོད་ཀྱིས་ངའི་ཁྱོ་ག་བེད་སྤྱད་ནས་ཁྱིམ་གཞི་བཀྲུགས་སོང་ལ་མདུན་ལམ་ཡང་བརླག་སོང་། ཁྱོད་ཀྱིས་ཁོ་ལ་ཞུ་བ་བྱ་རོགས། ཁྱོད་ཁའོ་ཨེར་པ་ཁཱོ་ལ་སྙིང་མི་རྗེ་རུང་བྱིས་པ …… བྱིས་པ ……བྱིས་པ་གང་ནས་ནོར་སོང”

པཱ་ཧྲས་དར་ཅིག་བསམ་པ་ན། བྱིས་པ་སྐོར་ཞིག་གིས་ལམ་འགྲམ་དུ་ལྟོ་སློང་བའི་སྣང་བརྙན་ཞིག་ཡིད་ལ་འགོག་མེད་དུ་འཆར་བས་ངུ་མོད་བྱས།

“ལྕམ་མོ། ངས་ཅི་ཞིག་བྱས་ན་དགའ། ” “ཁྱེད་ཀྱིས་ང་ནི་ཆོམ་རྐུན་ཞིག་རེད་ཟེར། འོན་ཀྱང་ངས་ཁའོ་ཨེར་པ་ཁཱོ་ལ་ཁྱིམ་གཞི་བརླག་ཏུ་བཅུག་པར་བཤད་ཀྱང་། ང་ཁྱེད་ལ་དཀོན་མཆོག་ནང་བཞིན་གནོང་འགྱོད་མེད། ངས་ཁོའི་ས་ན་ཕན་ཏིལ་འབྲུ་ཙམ་མེད་པ་ཁག་ཐེག་བྱ། ང་ཚོའི་མཉམ་ལེན་རུ་ཁག་ཁྲོད་ཀྱི་མའོ་ཏི་གཅིག་པུར་སྒོར་འབོར་ཆེན་སྐྱིས་ཡོད། ང་ཚོས་ལྟོ་ངན་ངོན་ལ་རྟེན་ནས་ཉི་མ་གཏོང་བ་ཡིན། ཁའོ་ཨེར་པ་ཁཱོ་ནི་སློབ་གསོས་བསྐྱངས་ཤིང་གུས་ལུགས་ལྡན་པའི་སྐུ་ཞབས་ཞིག་རེད། དེའི་རྐྱེན་གྱིས་ཁོ་ལ་འབྲེལ་བ་བྱས་པ་ཡིན། ཡང་གཅིག་བཤད་ན། ང་ཚོ་གཞས་མ་དག་གིས་འབྲེལ་བ་མི་བྱ་བསམ་རུང་བྱ་ཐབས་བྲལ”

“ང་ལ་ཅ་དངོས་དགོས། ཁྱོད་ཀྱིས་སྤྲོད་ཅིག    ང་ངུས་ཀྱང་ངུས་ལ་ཞུ་བ་ཡང་བྱས་ཡོད་པས …… ངས་ཁྱོད་ལ་པུས་འཛུག་དགོས་པའི་རེ་བ་ཡོད་ན་པུས་ཀྱང་བཙུགས་པས་ཡིད་ཚིམས་ཡོད་དམ”

པཱ་ཧྲ་སྐྲག་ནས་སྐད་ཆེན་པོ་བརྒྱབ། མོའི་བསམ་པར་སྒེག་ཉམས་ལྡན་པའི་སྐུ་ལྕམ་འདི་ཟློས་གར་ཁང་ནང་གི་འཁྲབ་སྟོན་པ་བཞིན་འཁྲབ་པ་ཧ་ཅང་རྩེར་སོན་རེད། སྐུ་ལྕམ་གྱིས་གཞས་མར་པུས་བཙུག་པ་ནི་རང་སྣང་མཐོན་པོས་དེ་ལྟར་བྱ་དོན་ཡང་རང་ཉིད་ཡར་བཞག་ནས་གཞས་མ་དམན་སར་འཕེན་པ་རེད།

པཱ་ཧྲས་མིག་ཆུ་འབྱིད་བཞིན“ཆོག་གི  ངས་ཅ་དངོས་ཁྱོད་ལ་སྤྲོད་པར་བྱ ”ཟེར་བཞིན་བྲེལ་འཚུབ་ངང་འཚོལ་བཞིན་འདུག“ངས་ཁྱོད་ལ་བྱིན་ན་འགྲིག་གི་རེད། ཡིན་ཡང་ཅ་དངོས་འདི་དག་ཁའོ་ཨེར་པ་ཁཱོ་ཡི་མིན་པར་སྐུ་མགྲོན་གཞན་དག་གམ་ནས་འཁྱེར་ཡོང་བ་ཡིན། ཁྱེད་ཀྱིས་འཁྱེར་སོང་ན་འགྲིག་གི་རེད ……”

ཁོ་མོས་འཐེན་སྒམ་ཆེས་ཀླད་མ་ནས་མུ་ཏིག་གིས་བརྒྱན་པའི་འཛེར་ཁབ་ཅིག་དང་བྱུ་རུ་རྒྱུན་ཐག་གང་། གསེར་གྱི་མཛུབ་དཀྲིས་སོགས་ལྕམ་མོར་སྤྲད

“འཁྱེར་དང་། ང་ལ་ཁྱེད་ཀྱི་ཁྱོ་གའི་གམ་ནས་ཕན་པ་ཅི་ཡང་མི་འདུག   འཁྱེར་དང་། ཁྱེད་ལ་གོ་ཁ་རྒྱུས་གང་བར་ཤོག”པཱ་ཧྲའི་བསམ་པར་ལྕམ་མོས་ཁོ་མོར་པུས་བཙུགས་པར་རང་ལ་བརྙས་བཅོས་ཆེན་པོ་བྱས་པར་སྙམ་སྟེ“ཁྱེད་ནི་རིགས་མཐོ་ལ་ཁོ་བའི་ཁྲིམས་མཐུན་ཆུང་མ་ཡང་རེད། དེ་ན་ཁོ་རང་གི་གམ་ནས་ངེས་པར་བཏགས་ན་འགྲིག    ཁྱེད་ཀྱིས་དེ་ཙམ་ཤེས་པར་གྱིས། ཁོ་མ་བོས་མགྲོན་པོ་བཞིན་ངའི་སར་ཡོང་བ་རེད ……”

སྐུ་ལྕམ་མཆུ་མ་ཕྲུམ་ཕྲུམ་ངང་གཞས་མར“ཁྱོད་ཀྱིས་ཚང་མ་སྤྲད་མི་འདུག ……ཅ་དངོས་འདི་དག་དམངས་སྒོར་ལྔ་བརྒྱའི་རིན་ཀྱང་མི་ལོངས”

པཱ་ཧྲས་གློ་བུར་དུ་འཐེན་སྒམ་ལྔ་ཚིགས་ཅན་ལས་གསེར་གྱི་དུས་ཚོད་གཅིག་དང་དུ་སྒམ་སོགས་རྩ་ཆེན་གྱི་ཅ་དངོས་རྣམས་མོའི་སྔུན་དུ་གཡུགས་སྟེ་ལག་ཟུང་སྟོང་ཡོད་པའི་རྣམ་འགྱུར་བསྟན།

“ང་ལ་གཅིག་ཀྱང་ལྷག་མེད། མི་རློམ་ན་ཁྱེད་ཀྱིས་འཚོལ་རོགས”

སྐུ་ལྕམ་གྱི་དབུགས་རིང་ཞིག་འབྱིན་བཞིན་ལག་གང་མགྱོགས་ངང་ཅ་དངོས་རྣམས་མགོ་དཀྲིས་ཀྱི་ཁུད་དུ་བཅུད་དེ། ཚིག་གཅིག་ཀྱང་མ་བཤད་ལ་མགོ་ལྕོག་ཙམ་ཡང་མ་ལྡེམ་པར་ཤར་རེ་བུད་སོང་།

ཉེ་ལོག་གི་ཁང་བའི་སྒོ་ཕྱེ་ནས་ཁའོ་ཨེར་པ་ཁཱོ་བསླེབས་བྱུང་། ཁོའི་ངོ་གདོང་ཐལ་མདོག་ཏུ་གྱུར་ཞིང་སྨྱོན་བླ་ཅན་ལྟར་མགོ་བོ་ལྡེམ་བཞིན་ཆང་བཙན་པོ་ཕོར་གང་འཐུང་བ་ནང་བཞིན་མིག་མཐར་མཆུ་ཞགས་འཁྱིལ་འདུག

གློ་བུར། པཱ་ཧྲས“ཁྱེད་ཀྱིས་ང་ལ་ཅི་ཞིག་བྱིན་ཡོད། ནམ་ཞིག་ལ་ཅ་དངོས་བྱིན་ཡོད”ཅེས་དྲིས།

“ཅ་དངོས …… ཅ་དངོས། དེ་གཙོ་བོ་མ་རེད”ཁོས་མགོ་ལྕོག་ལྡེམ་བཞིན“ཨ་གནམ་རྒན་མ། ཁོ་མོ་ཁྱོད་ཀྱི་མདུན་ནས་ངུས་ལ། ད་དུང་ཞུ་བ་ཡང་བྱས  ……”

“ངས་ཁྱེད་ལ་འདྲི། ཁྱེད་ཀྱིས་ང་ལ་དོན་དངོས་སུ་ཅ་དངོས་བྱིན་ཡོད་དམ”ཞེས་པཱ་ཧྲས་སྐད་མཐོན་པོས་བཤད།

“གནམ་རྒན་མ། འདི་འདྲའི་ལྕམ་མོ་འཇོན་པོ་ཞིག་གིས་རང་ག་བའི་བུད་མེད་ཁྱོད་ལྟ་བུ་ལ་པུས་བཙུག་པ་རེད། ངས་མོ་འདི་འདྲའི་གནས་སུ་ལྷུང་དུ་བཅུག་རེད།  ང་འཆུག་སོང”

ཁོས་མགོ་ལག་པས་སྐྱོར་བཞིན་སྐད་དམས་མོས“ངས་ནམ་ཡང་རང་གི་འདི་འདྲའི་བྱ་སྤྱོད་ལ་གུ་ཡངས་བཏང་ག་ལ་རུང་། ང་ཁྱོད་ཀྱིས་ལྷམ་ཆད་བཞིན་མར་འཕེན་ཅིག”ཅེས་བཤད། ཁོས་སྨྱོན་རྟགས་ཆེན་པོ་སྟོན་བཞིན། གཅིག་ནས་པཱ་ཧྲའི་རྗེས་ནས་དེད་ཞོར་དང་ལྕམ་མོ་ཕར་དེད་བཞིན“མ་གཞི་ཁོ་མོས་མི་འདི་ལྟ་བུ་ཞིག་ལ་པུས་བཙུག་པ་རེད་ལ། གནམ་རྒན་མ”

ཁའོ་ཨེར་པ་ཁཱོ་ཡིས་གོན་པ་རིངས་བར་གྱོན་ནས་སྡུག་རྩུབ་ཀྱིས་པཱ་ཧྲ་ཕུད་རྒྱག་བྱས་ཏེ་སྒོ་ཆེན་བརྒྱུད་ནས་བུད་སོང་།

མོར་ཕུད་རྒྱག་བྱས་པས་ཐང་དུ་འགྱེལ་པ་ན་ངུ་མོད་ཆེན་པོ་བྱས། ཁོ་མོས་སྤོ་ཐོག་ནས་ཅ་དངོས་སྤྲད་པར་འགྱོད་པ་སྐྱེས་ཤིང་བརྙས་བཅོས་ཆེན་པོ་ཐེབས་སོང་སྙམ།  མོས་ལོ་ངོ་གསུམ་གྱི་ཡར་སྔོན་ལ། ཚོང་བ་ཞིག་གིས་རྒྱུ་རྐྱེན་མེད་ལ་དཀར་ནག་གི་བདེན་བརྫུན་ཙམ་ཡང་མ་འབྱེད་པར་ཁོ་མོ་གཅར་རྡུང་དྲག་པོ་བྱས་པ་དེ་དྲན་ནས་ཧ་ཅང་སེམས་སྡུག་པར་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།