གྲུ་ཟུར་ལ་འཕྲོས་པའི་ཉི་འོད།

ཝེ་ལེན•སི་ཐུའོ་ཡིས་བརྩམས། རྡོ་རྗེ་སྒྲོལ་མས་བསྒྱུར།    

དེ་ནི1980ལོའི་ཟླ7པའི་ཚེས1ཉིན་ཡིན། རེད་དེ། ངས་ནམ་ཡང་བརྗེད་མི་སྲིད། ང་རང་གཅིག་པུས་རླངས་འཁོར་བསྐོར་ཏེ་མོ་ལི་ཧྥེ་སི་གྲོང་རྡལ་ལ་ཆས་པ་དང་གནས་དེར་ང་ལ་ཚོང་ཁང་ཆེན་མོ་ཞིག་ཡོད། དུས་ཚིགས་རེ་རེའི་ཟླ་བ་སྔོན་མའི་ཚེས་གཅིག་ལ་ང་རང་གནས་དེར་སོང་ནས་ཚོགས་འདུ་ཞིག་འཚོག་དགོས་པ་ཡིན། གནས་དེར་སླེབས་དུས་ཕལ་ཆེར་སྔ་དྲོའི་ཆུ་ཚོད་དགུ་ཡིན་པ་འདྲ། ངས་རླངས་འཁོར་ཚོང་ཁང་ཆེན་མོའི་ཐང་ཆེན་དུ་བཞག་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་གྲོས་ཚོགས་ཁང་དུ་སོང་ཞིང་། ཕྱིར་ཡོང་དུས་ཕྱི་དྲོའི་ཆུ་ཚོད་གཉིས་པར་སླེབས་འདུག སྐབས་དེར་ངས་རྒྱང་རིང་ནས་མི་ཞིག་གིས་ངའི་རླངས་འཁོར་སྟེང་ཅི་ཞིག་བྱུགས་ཀྱིན་པ་ལྟ་བུ་ཞིག་མཐོང་ཞིང་། ང་རང་ཉེ་སར་བཅར་ཏེ་བལྟས་པ་ན། བསམ་ཡུལ་ལས་འདས་པ་ཞིག་ནི་མི་ནག་གི་བྱིས་པ་ཆུང་ཆུང་ཞིག་གིས་ལག་ཕྱིས་སྐྱ་མདོག་ཅིག་བཟུང་ནས་རླངས་འཁོར་ལ་ཕྱི་བདར་བྱེད་བཞིན་འདུག ཚོང་ཁང་ཆེན་མོར་རླངས་འཁོར་གཙང་འཁྲུད་ཀྱི་སྒྲིག་ཆས་ཆ་ཚང་ཡོད་པར་མ་ཟད། ངའི་རླངས་འཁོར་ཡང་སྔར་ནས་བཀྲུས་ཡོད། བྱིས་པ་འདི་ཉིད་གང་ནས་ཡོང་བར་ང་རང་ཡ་མཚན་པས་དལ་བུར་ཁོའི་གམ་དུ་སོང་ཞིང་། རྔུལ་ཆུས་ཁོའི་རྐང་སྣམ་ཡང་རློན་པར་བྱས་ཡོད་ལ་ཁོས་ནུས་ཤུགས་གང་ཡོད་ཀྱིས་ཨོང་གོང་ཡར་བཀྱགས་ནས་ལུས་ཕུང་རླངས་འཁོར་ལ་མི་ཐུག་པར་བྱེད་ཀྱིན་འདུག ཁོས་རས་ལྷམ་རྙིང་ཧྲུལ་ཞིག་གོན་ཡོད་པས་དབུལ་པོའི་སྤྱིལ་ཁང་གི་བྱིས་པ་ཞིག་ཡིན་པ་གསལ་ཐག་ཆོད་ཡོང་། ངས་ཁོའི་ཕྲག་སྟེང་ལ་དལ་མོའི་ངང་ལག་རྡེབ་ཅིག་བྱས་པ་ན། ཁོས“ཨ”ཟེར་ཞོར་ཁ་ཕྱིར་འཁོར་བས་ལག་ཏུ་བཟུང་བའི་ལག་ཕྱིས་ཀྱང་ཐང་དུ་ལྷུང་། ནག་དྲེགས་ཆགས་པའི་ངོ་གདོང་དེས་དངངས་སྐྲག་དང་བཅས་ང་ལ་བལྟས་འདུག ངས་འཛུམ་ཞིག་སྟོན་ཞོར་ཁོར་ལག་པ་བསྲིངས་ཏེ། “ཨ་རོག ཁྱོད་བདེ་མོ། ངའི་མིང་ལ་ཐང་མུའུ•ཐེར་སི་ཟེར”ཞེས་བཤད་པ་ན། ཅུང་ཙམ་ནས་ཁོས་ཀྱང་དོགས་བདེ་ལ་མི་བདེ་བའི་ངང་ནས་ལག་པ་དལ་གྱིས་ཚུར་བསྲིངས་ཏེ། “ཁྱོད་བདེ་མོ། སྐུ་ཞབས་ཐང་མུའུ། ངའི་མིང་ལ་པིར•ལའེ་ཐེ་ཟེར”ཞེས་བཤད། བལྟས་མ་ཐག་ནས་བྱིས་པ་དེ་ནི་ཁྲེལ་ཡོད་ཅིང་གཞུང་དྲང་ཞིག་ཡིན་པ་ཤེས་ཐུབ། ངས་གློ་ཁུག་ནང་ནས་ཨ་སྒོར་བརྒྱ་བླངས་ཏེ་ཁོར་བྱིན་ཡང་ཁོས་འཚབ་འཚུབ་ཏུ་མགོ་བོ་འཕྲེད་ཀྱིས་གཡུག་ཞོར་མར་བསྒུར་ཏེ། “ངས་ཐང་ཆེན་འདི་ནས་དུས་ཚོད་བཞིའི་རིང་ཁྱེད་ལ་བསྒུགས་དོན་ནི་འདིའི་ཆེད་དུ་མིན”ཞེས་བཤད་པས་ང་རང་ལྷག་ཏུ་ཡ་མཚན་པར་བཏང་སོང་། རྒྱུ་མཚན་ནི་བྱིས་པ་དེས་ཁོ་ནི་ངའི་རླངས་འཁོར་ལ་ཧ་ཅང་དགའ་བས་ཡིན་ཟེར་བྱུང་། བྱིས་པ་འདི་མིག་རྒྱ་ཆེ་སྟེ་རླངས་འཁོར་བརྒྱ་ཕྲག་འགའི་ཁྲོད་དུ་ངའི“པའོ་ཧྲི་ཅེའི”རླངས་འཁོར་བློར་བབས་འདུག ང་ལ་གློ་བུར་དུ་དགའ་རྒྱུ་ཞིག་བྱུང་སྟེ། “དེས་ན་ངས་ཁྱོད་རང་སྐོར་འཆམ་དུ་ཁྲིད་ན་ཅི་འདྲ་རེད”ཅེས་དྲིས་པས། པིར་དགའ་སྤྲོ་ཆེན་པོས་རླངས་འཁོར་དུ་འཛུལ་ཞོར“སྐུ་ཞབས་ཐང་མུའུ་ལགས། ཁྱོད་ཀྱིས་ངོ་མ་བཤད་པ་ཡིན་ནམ”ཞེས་དྲིས་བྱུང་། ངའི་བསམ་པར་དངུལ་སྒོར་ཡོད་ཚེ་གཞན་ལ་བདེ་སྐྱིད་ཅུང་ཙམ་ཞིག་བསྐྲུན་རྒྱུ་ནི་དངོས་གནས་ལས་སླ་མོ་ཞིག་རེད་སྙམ་བྱུང་། རླངས་འཁོར་བསྐོར་མགོ་རྩོམ་པའི་སྐབས་སུ་ཁོས་ཡང་བསྐྱར “ཁྱེད་ཀྱིས་ང་རང་ཁྱིམ་དུ་བསྐྱལ་ན་ཆོག་གམ། དབྱིན་ལེ་གསུམ་གྱི་ལམ་ཐག་མ་གཏོགས་མེད”ཅེས་བཤད། གཡོ་སྒྱུ་ཅན་གྱི་པིར་འདིས་ཁོའི་ན་ཟླ་དང་ཁྱིམ་མིའི་མདུན་དུ་ངོམ་ཁྱེར་བྱེད་འདོད་པ་མ་ཡིན་ནམ།

སྐར་མ་བཅོ་ལྔའི་རྗེས་སུ་པིར་གྱིས་ལམ་སྣེ་ཁྲིད་པ་ལྟར་ཐོག་ཁང་རྙིང་ཧྲུལ་ཞིག་གི་མདུན་དུ་སླེབས་བྱུང་། རླངས་འཁོར་བསྡད་མ་ཐག་ཁོ་རང་མྱུར་དུ་ཐང་ལ་ལྡིང་ནས་རྒྱུག་ཞོར“ཁྱེད་ཀྱིས་ངེས་པར་དུ་སྐར་མ་ལྔ་ལ་སྒུག་རོགས་མཛོད”ཅེས་བཤད། ངས་ཁོ་རང་ཐོག་ཁང་རྙིང་ཧྲུལ་དེར་བྱ་འཕུར་བ་ལྟར་བརྒྱུགས་སོང་བ་མཐོང་། ཅང་མ་འགོར་བར་པིར་གྱིས་རྒྱབ་ཏུ་བུ་མོ་ཆུང་ཆུང་ཞིག་ཁུར་ནས་ཕྱིར་སླེབས་པ་དང་། ཁོའི་ཉམས་འགྱུར་དང་གོམ་འགྲོས་ལ་བལྟས་ན་རླངས་འཁོར་འདི་ནི་ཁོའི་ཡིན་པ་ལྟར་སྣང་བྱུང་། ཁོའི་རྒྱབ་ཏུ་ཁུར་བའི་བུ་མོ་དེའི་ལག་པ་དང་རྐང་པའང་བསྐུམས་འདུག ངས་ཀྱང་ཕལ་ཆེར་ཅི་ཞིག་རྟོགས་སོང་བ་འདྲ། པིར་གྱིས་ཞི་མོ་ཆུང་ཆུང་དེ་རླངས་འཁོར་ནང་ཙོག་ཏུ་བཅུག་རྗེས། “དོན་དངོས་སུ་མོ་ནི་ངའི་ཨ་ཅེ་ཡིན། ད་ལོར་མོ་ལོ་བཅུ་བདུན་ཡིན་མོད་བྱིས་པའི་སྦྲིད་ནད་ཕོག་ཡོད”ཅེས་བཤད། དེའི་རྗེས་པིར་གྱིས་ཁོའི་ཨ་ཅེ་ལ“ཐེངས་སྔོན་མར་ངས་ཁྱེད་ལ་གླེང་བའི་རླངས་འཁོར་དེ་ནི་འདི་ལྟ་བུ་རེད། ནུ་བོར་དངུལ་སྒོར་གྱིས་ཕྱུག་ཚེ་ཁྱེད་ལ་ཉོ་ཁོ་ཐག་ཡིན”ཞེས་བཤད་བཞིན་འདུག་ལ། ཁོའི་ཨ་ཅེ་ནི་བྱིས་པ་བསམ་མེད་ཅིག་ལྟར་དགོད་ཀྱིན་འདུག པིར་གྱིས་ལག་ཟུང་སྐེད་པའི་མཚམས་ལ་བཞག་ཅིང་མིག་ཟུང་འོད་ལམ་ལམ་དུ་འཕྲོ་བཞིན་འདུག མ་གཞིར་ཁོས་ངའི་རླངས་འཁོར་ཕྱིས་ཤིང་ཚ་བའི་འོག་ཏུ་ང་ལ་ཆུ་ཚོད་བཞིའི་རིང་བསྒུགས་པ་དང་། དེ་ནས་ཁོ་རང་ཁྱིམ་ལ་བསྐྱལ་དུ་བཅུག་པའི་རྒྱུ་མཚན་ནི། རྗེས་སོར་ཁོས་ཨ་ཅེ་ལ་དབུལ་རྒྱུའི་ལེགས་སྐྱེས་དེ་ཅི་འདྲ་ཞིག་ཡིན་པ་མོ་ལ་གསལ་བོར་སྟོན་འདོད་པས་རེད། པིར་གྱིས་རླངས་འཁོར་གྱི་གོང་ཚད་ག་འདྲ་ཡིན་པ་དྲིས་མ་བྱུང་ལ། ཡང་གཅིག་བཤད་ན་ཁོ་རང་ཉིད་ལ་མ་འོངས་པར་ནུས་པ་ཆེན་པོ་ཞིག་ཡོད་ངེས་པར་ཡིད་ཆེས་ལྡན་པའང་ཡིན་སྲིད། རེད་དེ། ཁོའི་གཏོང་ཕོད་དང་བློས་གཏོང་ཐུབ་པའི་བསམ་པ་དེས་ངའི་ཡིད་དབང་ཡང་གཞི་ནས་བཀུགས་སོང་།

དེའི་རྗེས་ནས་ང་རང་ཡང་བསྐྱར་ལྷ་འདྲེ་ཡིས་དེད་པ་ལྟར་པིར་གྱི་ཁྱིམ་དུ་སོང་ཞིང་། ཁོ་ཚང་ནི་ངའི་བསམ་ཚོད་ལས་ཀྱང་ཐབས་རྡུགས་ཤིག་རེད། མིང་སྲིང་གཉིས་དང་ཨ་མ་གསུམ་པོས་གཅིག་ལ་གཅིག་རྟེན་གྱིས་འཚོ་ཐབས་བྱེད་ཀྱིན་འདུག ཨ་མ་ནི་བཟོ་གྲྭ་ཞིག་གི་གཙང་སྦྲ་བྱེད་མཁན་ཞིག་ཡིན་པ་དང་། པིར་གྱིས་ཨ་ཅེར་བདག་སྐྱོང་བྱེད་དགོས་པར་མ་ཟད། ཉིན་རེར་གྲོང་རྡལ་གྱི་རྒན་གསོ་ཁང་དུ་ཆུ་ཚོད་ལྔའི་རིང་གི་ནད་གཡོག་གི་བྱ་བ་བསྒྲུབ་དགོས་ཏེ། ཁོ་ནི་ད་ལྟ་ལོ་ན་བཅུ་དྲུག་ལ་སོན་པ་ཙམ་རེད།

དེ་ནས་ཁོ་ཚང་དང་འབྲལ་ཁ་མར་ངས་ཡང་བསྐྱར་པིར་གྱི་ཨ་ཅེའི་ལག་ཏུ་ཨ་སྒོར་བརྒྱ་བཞག་མོད། པིར་གྱིས་ཨུ་ཚུགས་ཀྱིས་ཕྱིར་སྤྲད་པ་དང་། “ང་ཚོ་རང་ཉིད་ལ་ནུས་པ་ཡོད”ཅེས་བཤད། ངས་གོམ་མཚམས་བཞག་སྟེ་ཁོར་ཞིབ་ལྟ་ཞིག་བྱས་ཤིང་བྱིས་པ་འདིར་རེ་བ་ཡོད་ངེས་རེད་བསམས་བྱུང་། ངས་ཚོང་ཁང་ཆེན་མོའི་མི་དོན་སྡེ་ཚན་གྱི་སྤྱི་གཉེར་བར་ཁ་པར་བཏང་ནས་སང་ཉིན་ཕོ་གསར་ནུས་པ་ཅན་ཞིག་ཚོང་ཟོག་བསྡུ་སྒྲིག་སྡེ་ཚན་དུ་མིང་ཐོ་འགོད་པར་ཡོང་ངེས་ཞེས་བཤད། ངས་བལྟས་ཚོད་ཀྱིས་ཁོས་བྱ་བ་འདི་ལེགས་པོར་བསྒྲུབ་ཐུབ་པ་རྟོགས་ཐུབ་པར་མ་ཟད། ཁོའི་སྔོན་གྱི་བྱ་བ་དང་བསྡུར་ནའང་ཟླ་ཕོགས་ལྡབ་གསུམ་གྱིས་ཇེ་མཐོར་གཏོང་ཐུབ། དཔེ་ཆ་ཞིག་ཏུ“བྱམས་བརྩེ་དང་ལྷག་བསམ་རྣམ་དག་ཅན་གྱི་མི་དེ་དག་ལ་དུས་གཏན་དུ་གྲོགས་པོ་བསྒྲིག་འོས”ཞེས་བཤད་ཡོད།

ཟླ་ངོ་གསུམ་གྱི་རྗེས་ནས་ང་རང་ཡང་བསྐྱར་མོ་ལི་ཧྥེ་སི་གྲོང་རྡལ་གྱི་ཚོང་ཁང་ཆེན་མོར་འགྲོ་སྐབས་ཕལ་ཆེར་ལས་གཉེར་པ་རེ་རེས་ང་རང་ལ་པིར་གྱི་གནས་ཚུལ་གླེང་བྱུང་། ཚོང་ཟོག་བསྡུ་སྒྲིག་སྡེ་ཚན་གྱི་ཝེ་ལིན་གྱིས་ཁོ་རང་སྡུག་རུས་ཆེ་ཞིང་བྱ་བར་ནན་ཏན་དུ་འཇུག་པ་ཞིག་རེད་ཅེས་བཤད། བརྡ་ཁྱབ་སྡེ་ཚན་གྱི་ལིན་ཏ་ཡིས་པིར་གྱིས་སྐབས་འགར་སྐད་ཆ་ཁྱད་མཚར་ཅན་བཤད་འོངས་ཞེས་བཤད། གྱོན་ཆས་སྡེ་ཚན་གྱིས་པིར་གྱིས་བསྡུ་སྒྲིག་བྱས་པའི་ཚོང་ཟོག་གཞན་དང་བསྡུར་ན་གྲ་དག་ཅིང་གོ་རིམ་དང་ལྡན་པ་ཞིག་རེད་ཅེས་བཤད། ཐ་ན་གྱོན་བརྗེ་སྡེ་ཚན་གྱིས་ཀྱང་པིར་ལ་དུས་གཏན་དུ་རང་རྟོན་དང་སྤྲོ་སྣང་ལྡན་པའི་ངོ་གདོང་ཞིག་འདུག་ཅེས་བཤད།

ངས་པིར་ལ་གོ་གནས་སྤྲད་ཅིང་གླ་ཕོག་སྤར་བ་དེ་ནི་ཁོ་ལ་ཐོབ་འོས་པ་སུས་ཀྱང་རྟོགས་ངེས། པིར་གྱིས་ང་རང་ལ་བཀའ་དྲིན་མ་ཞུས་མོད།ཁོས་ཨ་ཅེའི་ལག་པ་ཇེ་གྲུང་དུ་སོང་འདུག་ཅེས་དགའ་སྤྲོ་དང་བཅས་ང་ལ་བཤད་བྱུང་། ཁོས་ངའི་རླངས་འཁོར་མཐོང་དུས་རང་གི་ཕུགས་འདུན་དང་ཐག་ཇེ་ཉེར་འགྲོ་བར་བསམས་ཡོད་ཅེས་བཤད། འདི་ནི་དོན་དུ་ཀུན་དང་མི་མཐུན་པའི་ལས་གཉེར་པ་ཞིག་རེད་དེ། དབུལ་ཕོངས་ཡིན་ཀྱང་རང་རྟོན་དང་སྤྲོ་སྣང་ལྡན། ཆེས་མུན་ནག་གི་གྲུ་ཟུར་དུ་བགྲོད་ནའང་དུས་རྟག་ཏུ་ཉི་འོད་ཀྱི་དྲོད་འཇམ་དང་འོད་སྣང་དེ་རྙེད་ཐུབ།

རེད་དེ། ང་ནི་ཁོ་རང་ལ་རྒྱལ་ཁ་ཐོབ་པར་ཡིད་ཆེས་བརྟན་པོ་ཡོད་དོ། །

《ཀློག་པ་པོ》ལས་བདམས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།