ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཐེངས་བཅུ་དགུ་པ་བསྡུ་རྒྱུ་ཡིན་པས། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚོགས་ཆེན་བཅུ་དགུ་པར་བསུ་མ་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་པར་ཞབས་འདེགས་ཞུ་བ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་བཅས་ལོ་ཧྲིལ་པོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། འགན་ནུས་ལག་བསྟར་བྱེད་པ་དང་བྱ་བ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོ་ནས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། གཅིག་ནི་མཐའ་གཅིག་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། འདུ་ཤེས་བཞི་བརྟན་པོར་བཅངས་པ་མ་ཟད་དངོས་སུ་ཇེ་དྲག་ཏུ་བཏང་ནས། ནམ་ཡིན་རུང་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་དུ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མི་དམངས་སྲིད་གྲོས་ཀྱི་བྱ་བ་ཡོངས་ཀྱི་ཁྲོད་དུ་ལག་བསྟར་བྱེད་དགོས། གཉིས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས་ཇུས་འབུལ་ཤུགས་འདོན་བྱེད་དགོས། རང་རྟོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་གི་བྱ་བར་དམིགས་ཏེ་གནད་དོན་ལ་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱས་ནས། རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས། གསུམ་ནི་དམངས་གཙོའི་ལྟ་རྟོག་དམ་འཛིན་བཟང་པོ་བྱེད་དགོས། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ངོ་བོ་དང་དམིགས་ཡུལ་ཡང་དག་པར་ཤེས་པར་བྱེད་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་གནད་ས་འབུར་དུ་ཐོན་པར་བྱས་ཏེ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས། བཞི་ནི་ཧུར་ཐག་གིས་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་དགོས། བྱ་བའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་སྲིད་གླེང་གི་སྡིངས་ཆ་སྐྲུན་པ། གྲོས་འདོན་གྱི་ལམ་བཀག་མེད་ཡོང་བར་བྱེད་པ། མཐུན་སྒྲིལ་མཛའ་འབྲེལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གཏན་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པར་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ལྔ་ནི་སྲིད་གྲོས་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། སྐབས་འདིའི་སྲིད་གྲོས་ཀྱི་བྱ་བ་སྤྱི་སྡོམ་བཟང་པོ་བྱས་ཏེ། བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། བརྒྱུད་རིམ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ། སྐབས་བརྗེ་བྱ་བ་སྤེལ་སྲོལ་གཙང་བར་ཁག་ཐེག་བྱེད་དགོས། དྲུག་ནི་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་བཟང་པོར་བསྡུ་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྣང་ཚུལ་བཟང་པོ་སྐྲུན་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་བརྩི་སྲུང་ནན་མོ་བྱེད་པ། ཚོགས་སྲོལ་བཟང་པོ་སྲུང་འཛིན་བྱེད་པ་བཅས་བྱས་ཏེ། གྲོས་ཚོགས་ཕན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་ལ་གྲོས་འཆམ་བྱུང་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཡིན་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།