ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ཉི་དང་རྒྱལ་མོ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1120579043_14888085993221n.jpg

ཚེས་དྲུག་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ནན་ཧེ་ནས་ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ཉི་དང་རྒྱལ་མོ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དྲུག་ཉིན་ཀྲུང་ནན་ཧེ་ནས་ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ཉི་དང་རྒྱལ་མོ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཧ་ཅང་རྒྱུན་རིང་བ་ཞིག་ཡིན། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་ནི་ཀྲུང་གོའི་རྒན་རབས་མགོ་ཁྲིད་པ་དང་རྒྱལ་བོ་ཞི་ཧཱ་ནུའུ་ཁི་བཅས་ཀྱིས་ཐུན་མོང་གི་སེམས་ཤུགས་གང་མང་བཏོན་ནས་བསྐྲུན་པའི་འབྲས་བུ་ཡིན་པས་དེར་གཅེས་སྤྲས་གང་ལེགས་བྱེད་དགོས། ལོ་རྒྱུས་ཀྱི་དུས་སྐབས་གསར་བར་སླེབས་དུས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བར་སྔར་ལས་གསོན་ཤུགས་གསར་བ་རྒྱས་ནས་ཡུན་རིང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ན་ནིང་ང་དང་རྒྱལ་བོ་ཞི་ཧཱ་མའོ་ཉི་གཉིས་ཀྱིས་ཕུན་སུམ་ཚོགས་པའི་ངང་ནས་ཕན་ཚུན་ལ་འཚམས་འདྲི་བྱས་པ་རེད། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཀྱི་སྟེང་ནས་ཕན་ཚུན་ལ་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད་པ་དང་དཔལ་འབྱོར་གྱི་སྟེང་ནས་ཕན་ཚུན་ལ་གཉིས་ཕན་མཉམ་ལས་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁྲོད་དུ་གཅིག་གྲོགས་གཅིག་གིས་བྱེད་བཞིན་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ཕན་ཚུན་ལ་མཐུན་སྦྱོར་དམ་པོ་བྱེད་བཞིན་ཡོད། ཁམ་ཕུ་ཀྲེ་རྒྱལ་བོ་ཚང་གིས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་བར་གྱི་ལས་དོན་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཧུར་བརྩོན་ལྷོད་མེད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ང་ཚོས་ཁམ་ཕུ་ཀྲེ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་སྔར་ལས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་ཆེད་ཕྱོགས་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་བར་གྱི་འགྲོ་འོང་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། དེ་ནི་ངེས་པ་དོན་གྱིས་གཉེན་ཉེ་ལྟར་ཕན་ཚུན་ལ་འགྲོ་འོང་བྱེད་པའི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་བརྩིས་ནས་ཕྱོགས་གཉིས་བར་གྱི་བརྗེ་རེས་དང་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱིས་གཉིས་ཕན་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་བསྣན་ནས་ལས་གཞི་གལ་ཆེན་ཐད་ཀྱི་མཉམ་ལས་ལ་སྟོབས་ཤུགས་ཆེན་པོ་འདོན་དགོས། གཞན་ད་རུང་ཕྱི་ཕྱོགས་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ཇེ་དྲག་ཏུ་བཏང་ནས། ས་ཁུལ་གྱི་གཏན་འཇགས་ལ་མུ་མཐུད་དུ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་བར་གྱི་བྱ་བའི་ཕྱོགས་ལ་བྱས་རྗེས་འཇོག་དགོས་ཟེར།

ཞི་ཧཱ་མའོ་ཉི་དང་མའོ་ཉི་ལེ་ཡིས་བསྟན་དོན། ཁམ་ཕུ་ཀྲེ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཧ་ཅང་གཏིང་ཟབ་པ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ན་ནིང་ཁམ་ཕུ་ཀྲེར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་བཏང་བ་དང་ཁམ་ཕུ་ཀྲེ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། ཁམ་ཕུ་ཀྲེ་རྒྱལ་བོ་ཚང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཁམ་ཕུ་ཀྲེའི་རྒྱལ་བོ་ཚང་ལ་བརྩེ་བ་ཟབ་མོ་བཅངས་པར་མ་ཟད། ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཁམ་ཕུ་ཀྲེ་རྒྱལ་བོ་ཚང་གིས་མུ་མཐུད་དུ་རྒྱལ་བོ་ཞི་ཧཱ་ནུའུ་ཁིས་སྲོལ་བཏོད་པའི་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།