ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见以色列总理内塔尼亚胡.jpg

ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པ་དང་གསར་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་སི་རལ་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་སོང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པས་ཕན་ཚུན་ལ་འཚམས་འདྲི་བྱེད་རྒྱུ་མང་ཞིང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། མི་གཞུང་བརྗེ་རེས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་དབྱི་སི་རལ་གཉིས་ཀྱིས་གསར་སྐྲུན་མཉམ་ལས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བཏོན། རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་དང་གསར་སྐྲུན་བྱེད་པ་དེས་ཀྲུང་གོ་དང་དབྱི་སི་རལ་བར་གྱི་གསར་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་སྟོབས་ཁ་གསབ་མངོན་འགྱུར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་སྐྲུན་ངེས་ཡིན། ཕྱོགས་གཉིས་ཀྱིས་ཆབ་སྲིད་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་འབྲེལ་འདྲིས་ཇེ་མང་དུ་བཏང་ནས། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་སྤྱི་ཁོག་ནང་དུ་མཉམ་ལས་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དང་། ཚན་རྩལ་གསར་སྐྲུན་དང་ཆུའི་ཐོན་ཁུངས། ཞིང་ལས། སྨན་བཅོས་འཕྲོད་བསྟེན། དག་གཙང་ནུས་ཁོངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཙོར་བཟུང་ནས་རྒྱལ་ཁབ་གཉིས་བར་གྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་དགོས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སློབ་གསོ་དང་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། བདག་གིས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ། དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། དབྱི་སི་རལ་དང་ཀྲུང་གོའི་བར་དུ་ཁྱོན་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་གསར་སྐྲུན་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དག་གཙང་ནུས་ཁོངས་དང་ཞིང་ལས། དངུལ་གཏོང་། དངུལ་ལོར། སྨན་བཅོས་ཞབས་ཕྱི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། དབྱི་སི་རལ་ཕྱོགས་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་སྤྱི་ཁོག་ནང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་མཉམ་ལས་ཁྲོད་དུ་ཞུགས་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།