ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཆི་པའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་མོ་རོ་ཁོ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་རོ་ཁོ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་མོ་རོ་ཁོ་ལ་འཚམས་འདྲི་བྱས་པ་དང་། མོ་རོ་ཁོའི་དབུ་བཞུགས་བློན་ཆེན་ཨོ་སི་མན་ཉི་དང་གྲོས་ཞུགས་དཔོན་པོ་པུན་ཞི་མ་སོགས་ལ་སོ་སོར་ཐུག་འཕྲད་བྱས།

ལིག་ཆི་པའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་བཅས་མཚམས་སྦྱོར་བྱས།

ལིག་ཆི་པའོ་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ཧུར་ཐག་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་མོ་རོ་ཁོ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མོ་རོ་ཁོའི་སྲིད་ཏང་གཙོ་བོ་སོ་སོའི་བར་གྱི་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཏང་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

ལིག་ཆི་པའོ་ཡིས་རྒྱལ་ཁབ་གཉིས་ཀྱིས་མི་གཞུང་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་དང་རྒྱང་སྒྲོག་བརྙན་འཕྲིན། གསར་འགྱུར། སློབ་གསོ། གནས་སྐོར་སོགས་ཕྱོགས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུན་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

མོ་རོ་ཁོ་ཕྱོགས་ཀྱིས་བཤད་རྒྱུར། མོ་རོ་ཁོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཀྲུང་གོ་མི་དམངས་ཀྱིས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་བསྟོད་བསྔགས་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མོ་རོ་ཁོ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།