ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་་བརྒྱ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་བརྒྱ་ལོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་བརྒྱ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་ནི་རང་རྒྱལ་གྱིས་ཆེས་སྔ་མོར་བཙུགས་པའི་ལས་རིགས་སློབ་གསོའི་ཚོགས་པ་ཞིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཏེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་སློབ་གསོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མི་སྣར་འབྲེལ་འདྲིས་དམ་པོ་བྱས་ནས། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་ལས་དོན་ཆེན་པོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གནས་བབ་གསར་བའི་འོག་ཏུ་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་རང་སྟེང་གི་ཁྱད་ཆོས་དང་ཁྱད་སྟོབས་ལ་རྐང་བཙུགས་ཏེ། ལས་རིགས་སློབ་གསོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། བརྗེ་རེས་དང་རོགས་ལས་ལ་ཤུགས་སྣོན་ཞིང་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་དགོས་པ་དང་། སྤྱི་ཚོགས་ལ་ཞབས་ཕྱི་བཟང་བོ་སྒྲུབ་དགོས་པར་མ་ཟད་མུ་མཐུད་དུ་རང་རྒྱལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།